ཐོག་མའི་ཟླ་མཚན་འབབ་པ་དང་སྐྱེ་འཕེལ་དབང་བོ་འཚར་སྐྱེ་བྱུང་ནས་བྱེད་ལས་རིམ་གྱིས་རྫོགས་པའི་སྐབས་ལ་ལང་ཚོའི་དུས་སྐབས་ཟེར། འཛམ་གླིང་འཕྲོད་བསྟེན་ཚོགས་པས་གཏན་ལ་བབ་པའི་ལང་ཚོའི་དུས་ནི་ལོ་བཅུ་ནས་བཅུ་དགུའི་བར་ཡིན། དུས་སྐབས་འདིའི་སྐྱེ་ལུགས་ཀྱི་ཁྱད་ཆོས་ནི་གཟུགས་པོ་མྱུར་དུ་སྐྱེ་ཞིང་སྐད་གསེང་ཇེ་མཐོར་འགྲོ་བ། རྨོངས་སྤུ་དང་མཆན་སྤུ་སྐྱེས་པ། ནུ་མ་རྒྱས་ནས་འབུར་བ། འཕོངས་ཤ་དང་བྲང་གི་ཚིལ་ཇེ་མཐུག་ཏུ་སོང་ནས་བུད་མེད་ལ་དམིགས་བསལ་དུ་ཡོད་པའི་ཐུན་མིན་གྱི་ལུས་དབྱིབས་གསལ་པོར་དོད། ཕྱི་ནང་གི་སྐྱེ་འཕེལ་དབང་བོ་སྔར་ལས་ལྷག་ཏུ་འཚར་སྐྱེ་བྱུང་ཞིང་ཐོག་མའི་ཟླ་མཚན་ཀྱང་འབབ་པ། དུས་འདི་རྣམས་སུ་རིགས་རྒྱུད་སྤེལ་བའི་ནུས་པ་ཙམ་ལྡན་ནའང་། སྐྱེ་འཕེལ་མ་ལག་ཡོངས་ཀྱི་བྱེད་ལས་ད་དུང་འཐུས་ཚང་བྱུང་མེད།
ཟླ་མཚན་གྱི་འགྱུར་ཚུལ་ཇི་ལྟར་ཡིན་ནམ།
འབྱུང་བ་ལྔས་གྲུབ་པའི་རོ་དྲུག་ལྡན་གྱི་ཟས་སྐོམ་གང་ཟོས་ཤིང་འཐུང་བ་རྣམས་ཕོ་བའི་མེ་དྲོད་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ཕྱེ་ནས་ཁྲག་གནས་སུ་བསྡུ་ཐུབ་པ་པར་གྱུར་བའི་བཅུད་དམ་ཐོག་མའི་དྭངས་མ་དེ། ལུས་ཟུངས་ཕྱི་མ་རྣམས་རྒྱས་པའི་རྟེན་བྱས་ཏེ་ཟུངས་ལམ་བརྒྱུད་ནས་མཆིན་པ་སོགས་ལུས་ཀྱི་ཆ་ཤས་གང་དག་ལ་རྒྱུ་བའི་ཚེ། གནས་དེ་དང་དེའི་མཐའ་འཁོར་གྱི་མེ་དྲོད་རྣམ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ཕྱེ་བ་ལས་རིམ་བཞིན་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་བཅས་གྱུར་པའི་ལུས་ཟུངས་ཕྱི་མ་ཁུ་བ་ལ་དཀར་དམར་གཉིས་ཡོད་པ་ལས། སྐབས་དོན་ཁུ་བ་དམར་པོའམ་ཁམས་དམར་གྱི་ཆ་ཤས་དེ་བསམ་སེའུ་ཡི་གནས་སུ་བསྡུས་ཏེ། ཀླད་པ་ས་བོན་བཅུད་རྩའི་བྱེད་ནུས་འོག་རིམ་གྱིས་ཁམས་དམར་དངོས་ལ་གྱུར་ནས་དུས་བཅད་ལྟར་བསམ་སེའུ་ནས་ཕྱིར་ཕུད་དེ་ཁམས་འདྲེན་སྦུ་གུར་སོང་། སྐབས་དེར་ཁམས་དམར་དེ་ཉིད་སྐྱེས་པའི་ས་བོན་དང་མ་འཕྲད་ཚེ་མངལ་འཛིན་པའི་ནུས་པ་ཤོར་ནས་ངོ་བོ་ཉེས་ཅན་དུ་གྱུར་ཏེ་བུ་སྣོད་དུ་གསོག་པ་དང་། ཉེས་པ་དང་བཅས་པའི་ཁམས་སྙིགས་དེའི་ཉེས་སྐྱོན་རིམ་གྱིས་འཕེལ་ཏེ་ཚད་དམ་དུས་ངེས་ཅན་ལ་སླེབས་ཚེ་ཟླ་མཚན་དུ་གྱུར་ནས་ཐུར་སེལ་རླུང་གིས་ལུས་ཕྱིར་དེད་དེ་ཟླ་མཚན་འབབ་པ་ཡིན།
ཐོག་མའི་ཟླ་མཚན་འབབ་པའི་དུས་དང་ཁྱད་ཆོས་ཇི་ལྟར་ཡིན་ནམ།
བུ་མོ་རྣམས་ལོ་བཅུ་གཉིས་མ་ལོན་པའི་སྔོན་དུ་རོ་དྲུག་གི་མཚན་ཉིད་ཅན་གྱི་ཟས་སྐོམ་ལས་བྱུང་བའི་ཟས་བཅུད་རྣམས་ལུས་ཁམས་འཚར་སྐྱེའམ་ལུས་ཟུངས་གསོ་བྱེད་ཀྱི་གསོས་སུ་གྱུར་སྟབས་བསམ་སེའུ་རུ་བསགས་པའི་སྐལ་བ་ཟད་པས་ཟླ་མཚན་འབབ་རྒྱུ་མེད། བུ་མོ་གང་རིམ་གྱིས་ནར་སོན་ནས་ལང་ཚོའི་དུས་ལ་སླེབས་ཚེ་ཐེངས་དང་པོའི་ཟླ་མཚན་འབྱུང་། དེ་ལ་ཐོག་མའི་ཟླ་མཚན་ཟེར། འདི་ནི་ལང་ཚོའི་དཔལ་རྒྱས་པའི་མགོ་ཚུགས་པའི་རྟགས་གཙོ་བོ་ཞིག་རེད།
ཐོག་མའི་ཟླ་མཚན་ཕལ་ཆེར་ལོ་བཅུ་གཉིས་ནས་བཅོ་ལྔའི་བར་འབབ་ངེས་མོད། ལོ་བཅུ་གཅིག་ཙམ་ནས་འབབ་པ་དང་། ཡང་ན་ལོ་བཅུ་བདུན་གྱི་རྗེས་སུ་འབབ་པའང་ཡོད། ཐོག་མའི་ཟླ་མཚན་འབབ་པའི་སྔ་འཕྱི་དེ་ལུས་ཁམས་འཚར་སྐྱེའི་བཟང་ངན་དང་། ཡང་ན་ཁོར་ཡུག་དང་ཚེ་ལོའི་འཕེལ་འགྲིབ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་རག་ལས་ཤིང་། ལུས་སྟོབས་སམ་འཚོ་བཅུད་ཞན་པ་ཅན་ལ་ཐོག་མའི་ཟླ་མཚན་ཅུང་འགོར་ནས་འབབ་པ་དང་། ལུས་ཟུངས་དང་འཚོ་བཅུད་བཟང་བ་ཅན་ལ་ཐོག་མའི་ཟླ་མཚན་འབབ་པའི་དུས་སྔུན་ལ་སྣུར་ངེས། སྤྱིར་བཏང་ཐོག་མའི་ཟླ་མཚན་བབས་རྗེས་ཟླ་བ་རེ་གཉིས་སམ་ལོ་ཕྱེད་ཙམ་ལ་ཟླ་མཚན་སླར་མི་འབབ་ཅིང་། དེ་མིན་ཐོག་མའི་ཟླ་མཚན་བབས་ནས་ལོ་གཉིས་ཙམ་གྱི་རིང་དུ་ཟླ་མཚན་གྱི་འཁོར་ཡུན་ལ་ཆོས་ཉིད་ཆེར་མེད། དེ་ནི་གཙོ་བོ་ལུས་སྟོབས་ཡོངས་སུ་མ་རྫོགས་པ་དང་ལྷག་པར་བསམ་སེའུ་ཡི་བྱེད་ལས་ད་དུང་འཐུས་ཚང་དུ་གྱུར་མེད་པས་རེད།
ཟླ་མཚན་གྱི་ཚད་དང་འཁོར་ཡུན་རང་བཞིན་སོགས་ཇི་ལྟར་ཡིན་ནམ།
ཟླ་མཚན་ནི་བུད་མེད་རྣམས་ལ་ཟླ་བ་རེ་རེའི་དུས་དེ་དང་དེའི་དུས་སུ་མངལ་ཁྲག་སྙིགས་མ་ཐུར་སེལ་རླུང་གི་བྱེད་པས་མངལ་སྒོར་ཕྱིར་འབྱིན་པའི་ཁྲག་ལ་བྱ་ཞིང་། དེ་ནི་སྐྱེ་འཕེལ་དབང་བོའི་སྟོབས་རྫོགས་པའི་རྟགས་མཚན་ཞིག་ཡིན། ཟླ་མཚན་ནམ་མངལ་ཁྲག་གི་མདོག་ནི་དམར་སྨུག་ཡིན་ཞིང་། ཁྱད་ཆོས་གཙོ་བོ་ནི་མངལ་ཁྲག་དཀག་པར་མི་འགྱུར་བ་དང་བུད་མེད་རང་ཉིད་ཀྱི་གསང་དོར་ལ་འགོས་པ་དེ་དཀྲུས་ན་ཁྲག་གི་དམར་ཤུལ་མི་ལུས་པར་མྱུར་དུ་དག་པ་བཅས་ཡིན། སྤྱིར་བཏང་ཐ་མལ་དུ་གནས་པའི་བུད་མེད་རྣམས་ལ་རྟག་པར་ཞག་གསུམ་ནས་ལྔའི་རིང་ལ་ཟླ་མཚན་འབབ་ངེས་ཤིང་། ཚད་ནི་རང་རེའི་གསོ་དཔྱད་དུ་སྙིམ་པ་བཞི་དང་། ཟླ་མཚན་འབབ་པའི་ཉིན་གཉིས་པ་དང་གསུམ་པ་ནི་ཟླ་མཚན་གྱི་ཚད་ཆེས་མང་བའི་དུས་ཡིན། བུད་མེད་ཕལ་མོ་ཆེའི་ཟླ་མཚན་གྱི་འཁོར་ཡུན་ནི་ཉིན་ཉེར་བརྒྱད་ནས་སུམ་ཅུའི་བར་ཡིན་མོད། འཁོར་ཡུན་གྱི་རིང་ཐུང་དེ་མིའི་རང་བཞིན་དང་། ལུས་ཁམས་བདེ་ཐང་ཡིན་མིན། ཁོར་ཡུག་གམ་གནམ་གཤིས་ཚ་གྲང་གི་འཕོ་འགྱུར་སོགས་དང་འབྲེལ་བ་ཕྲ་མོ་ཡོད་སྟབས་ཉིན་ཁ་ཤས་སྔ་སྣུར་དང་ཡང་ན་ཕྱིར་འགྱངས་པའི་གནས་ཚུལ་འབྱུང་སྲིད་ཅིང་། ཟླ་མཚན་གྱི་ཚད་ཀྱང་མང་དུ་འགྲོ་བའམ་ཉུང་དུ་འགྱུར་བ་སོགས་འགྱུར་ལྡོག་ཆུང་ངུ་འབྱུང་ངེས། །