༄༅། །དགེ་རྒན་གྱི་རྩོམ་འབྲིའི་ལོ་རྒྱུས་ནི་ཁོང་གི་སློབ་གསོའི་ལོ་རྒྱུས་ཡིན།

བོན་སྐོར་དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-18



བོན་སྐོར་དོན་གྲུབ་ཚེ་རིང་། མཚོ་ལྷོ།


        ཉེ་ཆར་གུས་པས་ཚགས་པར་ཞིག་ལས《དགེ་རྒན་གྱི་རྩོམ་འབྲིའི་ལོ་རྒྱུས་ནི་ཁོང་གི་སློབ་གསོའི་ལོ་རྒྱུས་ཡིན》ཞེས་པའི་རྩོམ་ཡིག་ཅིག་ཐེངས་འགར་བཀླགས་པ་ཡིན། རྩོམ་ཡིག་དེ་ཀློག་སྐབས་ཕྲན་གྱི་ཡིད་ལ་སྐད་ཆ་ཞིག་དྲན་བྱུང་། དེ་ནི་དགེ་རྒན་ཞིག་ཡིན་ན་སློབ་མའི་རྒྱུགས་འབྲས་ཡག་པོ་ཡོད་ཚེ་གཞན་བཤད་རྒྱུ་ཅི་ཡང་མེད་ལ། སློབ་མའི་རྒྱུགས་འབྲས་བཟང་ངན་ལས་ད་གཟོད་དགེ་རྒན་བཟང་ངན་གྱི་ཚད་འཇལ་ཐུབ་ཅེས་པ་དེ་རེད།

        གོང་གསལ་གྱི་སྐད་ཆ་འདི་འདྲ་ནི་སྔོན་ཆད་རང་ཉིད་སློབ་མ་ཡིན་དུས་གོ་མྱོང་ལ། རྗེས་སུ་རང་ཉིད་ཁྲིད་སྟེགས་སུ་བུད་རྗེས་ཀྱང་རྒྱུན་དུ་གོ་ཐུབ། སྐད་ཆ་འདི་འདྲ་བཤད་མཁན་གྱི་དགེ་རྒན་དེ་ཚོས་ནམ་ཞར་རྒྱུགས་སྐར་ལ་གདོང་གཏོད་རྒྱུ་ཨང་དང་པོ་དང་། སློབ་མའི་ངོས་གཞན་ལ་དོ་སྣང་བྱེད་རྒྱུ་ཅུང་ཕལ་བར་བཞག་ཡོད། ཡང་གཅིག་བཤད་ན། སློབ་མར་བཙན་ཤེད་དང་བཙིར་གནོན་གྱིས་བསླབ་གཞིའི་ནང་དོན་ཨུ་ཚུགས་ཀྱིས་ངེས་པར་བྱས་ནས་སློབ་མའི་རྒྱུགས་འབྲས་དེ་དགེ་གྲོགས་ཕན་ཚུན་བར་འགྲན་སྡུར་བྱེད་སྤྱད་དམ། དགེ་རྒན་རང་གི་གོ་ཐོབ་འཕར་སྤྱད་ཙམ་དུ་བགྱིས་ཡོད། སྤྱིར་ན་སློབ་གྲོགས་ཕན་ཚུན་བར་དང་དགེ་རྒན་ཕན་ཚུན་བར་དྲང་བདེན་གྱི་འགྲན་སྡུར་དགོས་པ་ལ་གཡོལ་ཐབས་མེད་མོད། འོན་ཀྱང་། གོང་གསལ་གྱི་སྐད་ཆ་དེའི་རིགས་ལབ་མཁན་གྱི་དགེ་རྒན་དེ་ཚོས་ནི་བསླབ་གཞིའི་ཕན་ནས་དཔེ་ཀློག་རྩ་བ་ནས་མི་བྱེད་ཅིང་། རྒྱུན་པར་དཔེ་ཀློག་དང་རྩོམ་འབྲིའི་ལས་ཀ་ཆག་མེད་གཉེར་བའི་དགེ་རྒན་རེ་གཉིས་ཡོད་པར་འཕྱ་དམོད་དང་ཚིག་མདའ་སྤྲོད་པར་མ་ཟད། སློབ་ཁྲིད་ཀྱི་ཕན་ནས་དགེ་རྒན་གྱིས་རྩོམ་ཡིག་འབྲི་བ་སོགས་ལས་ཀ་མང་བ་ནི་སློབ་མའི་སྐར་འབྲས་ཆག་བྱེད་ཀྱི་རྒྱུ་ཉག་གཅིག་ཡིན་པར་གླེང་བཞིན་ཡོད། དེས་ན《དགེ་རྒན་གྱི་རྩོམ་འབྲིའི་ལོ་རྒྱུས་ནི་ཁོང་གི་སློབ་གསོའི་ལོ་རྒྱུས་ཡིན》ཞེས་པའི་རྩོམ་ཡིག་དེར“དགེ་རྒན་ཞིག་ཡིན་ན་ཁོང་གི་རྩོམ་འབྲིའི་ལོ་རྒྱུས་དེ་དོན་སྙིང་ངེས་ཅན་ཞིག་གི་ངོས་ནས་བརྗོད་ན་ཁོང་གི་སློབ་གསོའི་ལོ་རྒྱུས་རེད”ཅེས་པའི་སྐད་ཆ་འདི་ལ་བསམ་བློ་བཏང་ཚེ། དགེ་རྒན་གྱི་རྩོམ་འབྲིའི་ལས་ཀ་ནི་ཕྱོགས་གཞན་ཞིག་ནས་བལྟས་ན་དགེ་རྒན་གང་དེའི་སློབ་གསོའི་ལོ་རྒྱུས་ཀྱང་ཡིན་པའི་གནས་ལུགས་རྟོགས་ཐུབ་ཅིང་། དགེ་རྒན་གྱི་རྩོམ་འབྲིའི་ལས་ཀ་ནི་སློབ་གསོའི་ལས་རིམ་གལ་ཆེན་ཞིག་ཏུ་ངོས་བཟུང་ཡོད་པ་ཤེས་སླའོ། །

        རྩོམ་ཡིག་དེར“དགེ་རྒན་གྱི་འཚར་ལོངས་ནི་ཉམས་མྱོང་དང་ཕྱིར་རྟོག་གི་སྡོམ་ཡིན་པར་བརྗོད་ཡོད་ཅིང་། རྩོམ་ཡིག་འབྲི་བ་ནི་དགེ་རྒན་གྱིས་ཉིན་རྒྱུན་གྱི་སློབ་གསོའི་འཚོ་བའི་ལག་ལེན་ཁྲོད་རང་རྟོགས་དང་། ཐོད་བརྒལ། མཐའ་དཔྱོད་བཅས་ཀྱི་བྱེད་ཐབས་སྤྱད་དེ། ཤེས་ཚོར་རྣོན་པོའི་སྒོ་ནས་སློབ་གསོའི་འཚོ་བ་དང་སློབ་གསོའི་ཉམས་མྱོང་ལ་ཡང་བསྐྱར་རྒྱས་བཤད་བྱེད་པར་ཕན་ཐོགས་ཡོད་པས། རང་ཉིད་ཀྱི་སློབ་གསོའི་བྱ་སྤྱོད་ལེགས་བཅོས་དང་། སློབ་གསོའི་ལས་ཆོད་དང་སྤུས་ཀ་མཐོར་འདེགས་བྱེད་པར་ཕན་ཐོགས་ཡོད”ཅེས་བྲིས་ཡོད། དེ་བས། དགེ་རྒན་གྱི་རྩོམ་འབྲི་དང་ཁོང་གི་སློབ་གསོའི་ལས་ཀའི་བར་དུ་འབྲེལ་བ་མངོན་གསལ་ཡོད་པ་ཤེས་ཐུབ་ལ། རྩོམ་འབྲི་ནི་དོན་ངོ་མར་ཅི་ཞིག་ཡིན་པའི་ཐད་དུ་ཡང་རྩོམ་ཡིག་དེར“རྩོམ་འབྲི་ནི་དོན་ངོ་མར་སློབ་གསོའི་སྣང་ཚུལ་གྱི་འགྲེལ་བཤད་ཅིག་རེད། འགྲེལ་བཤད་དེ་རིགས་ཕྱིར་རྟོག་གི་ཚད་རིམ་དུ་སླེབས་ནས་སྤྱིར་བཏང་རང་བཞིན་གྱི་མཛུབ་ཁྲིད་ནུས་པ་ལྡན་པའི་རིན་ཐང་ལྟ་བ་ཆགས་པར་མ་ཟད། དགེ་རྒན་གྱི་བྱ་སྤྱོད་ལ་མཛུབ་ཁྲིད་བྱེད་པའི་སྐབས་སུ་གཞི་ནས་ལག་ལེན་རང་བཞིན་གྱི་ཤེས་བྱར་གྱུར་ཡོད”ཅེས་ཁ་ན་ཏའི་མཁས་དབང་ཧྥ་མེ་ནན་གྱི་གསུང་དུམ་ཞིག་ལུང་དུ་དྲངས་ནས་བྲིས་ཡོད་ཅིང་། དགེ་རྒན་གྱི་རྩོམ་འབྲིའི་ལས་ཀའི་ཐད།བྱིས་པའི་སློབ་གསོ་མཁས་ཅན་དགེ་རྒན་ལི་ཅི་ལིན་ལགས་ཀྱིས་ལོ་ངོ40ཡི་རིང་རྩོམ་ཡིག350ལྷག་ཙམ་སྤེལ་ཞིང་། གསུང་རྩོམ་དང་འབྲེལ་ཡོད་དཔེ་དེབ28དཔེ་སྐྲུན་བྱས་ཡོད་པར་བྲིས་ཡོད་པས། ཁྱོད་ཀྱིས་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཕན་ནས་དཔེ་ཀློག་བྱེད་མི་དགོས་པ་དང་རྩོམ་ཡིག་འབྲི་མི་རུང་བའི་སྒྲུབ་བྱེད་འཁྱེར་དུ་མི་ནུས་བསམ། ཡང་གོང་གི་རྩོམ་ཡིག་དེར་སློབ་གསོ་གསར་པའི་དཔེ་བཟང་དགེ་རྒན་ཀོན་ཅན་ཀང་གིས་ཉིན་ལྟར་ལས་ཚོགས་གྲོལ་རྗེས་ཆུ་ཚོད་ཕྱེད་ཙམ་སྤྱད་དེ་ཉིན་གཅིག་གི་འཚོ་བར་ཟིན་བྲིས་བཀོད་ནས་དབྱར་དགུན་གྱི་གུང་གསེང་སྐབས་དཔེ་དེབ་ལེགས་སྒྲིག་བྱས་ཤིང་། དེ་ལྟར་ལོ་ངོ20ཡི་དུས་ཚོད་ནང་དཔེ་དེབ20ལྷག་ཙམ་འབྲི་ཐུབ་པ་བྱུང་ཡོད་པར་མ་ཟད། གྲོང་གསེབ་ཀྱི་ལྟེ་བའི་སློབ་ཆུང་གི་དགེ་རྒན་དཀྱུས་མ་ཞིག་ནས་རྒྱལ་ཁབ་ཀྱི་མི་ཁྲིའི་འཆར་གཞིའི་དམིགས་བསལ་རྒྱབ་སྐྱོར་ཤེས་ལྡན་མི་སྣར་གྱུར་པ་རེད་ཅེས་ཀྱང་བྲིས་ཡོད་ལ། ཁོང་གིས་ཉམས་མྱོང་དང་སྦྲགས་ནས་གསུངས་དོན“སློབ་གསོའི་རྩོམ་འབྲི་ལ་གྲུབ་འབྲས་ཐོབ་པའི་དགེ་རྒན་ནི་ལྷ་སྒྲུང་མིན་ལ་དམ་བཅའ་ཡང་མིན་པར། དངོས་ཡོད་ཀྱི་ངོ་མཚར་ཞིག་ཏུ་འགྱུར་ངེས་གཏན་རེད”ཅེས་གསུངས་ཡོད་ཅེས་བྲིས་འདུག དེས་ན་སློབ་གསོའི་རྩོམ་འབྲི་ནི་དགེ་རྒན་རང་ཉིད་ཀྱི་སློབ་གསོའི་རྣམ་འགྱུར་ཞིག་ཀྱང་ཡིན་པས་ན་སློབ་ཁྲིད་ཀྱི་ཕན་ནས་དཔེ་ཀློག་དང་རྩོམ་འབྲི་ལའང་འབད་བརྩོན་བྱེད་པ་ནི་སློབ་གསོའི་ལེགས་ལམ་ལས་གོལ་ལམ་ག་ལ་ཡིན་བསམས་སོང་།

        རང་རེའི་དགེ་རྒན་ཁག་ཅིག་གིས་ནི་རྩོམ་ཡིག་འབྲི་བ་ནི་འཚོ་བའི་རོལ་རྩེད་ཙམ་ལ་ངོས་བཟུང་ཡོད་པ་ནི་རྩྭ་མ་ཟོས་པར་ལྕི་བ་གཏོང་ཐུབ་པ་རེད་སྙམ་པ་དང་ཀུན་ནས་མཚུངས། སློབ་གསོའི་སྣང་ཚུལ་ལས་བྱུང་བའི་སེམས་ཚོར་དང་བློ་སྐྱེད་གང་ཞིག་ཡི་གེར་ཕབ་པ་ནི་རང་གིས་རང་ལ་བསྒྱུར་བཅོས་བྱེད་པ་དང་མཚུངས་པས། སློབ་ཁྲིད་ནི་ལུག་ཅིག་ཡིན་པར་དཔེར་བཞག་ན་ཁྲིད་ཞོར་གྱི་དཔེ་ཀློག་ནི་ལུག་ལ་ཤ་ཤེད་རྒྱས་བྱེད་ཀྱི་རྩྭ་ཆུ་བཟང་པོ་དང་ཀུན་ནས་མཚུངས། དེས་ན་བསླབ་གཞི་ཁོ་ན་གཙུག་ཏུ་བཀུར་ནས་དེའི་ནང་དོན་ཁོ་ན་སློབ་མར་བཙན་ཤེད་ཀྱིས་འཛིན་དུ་འཇུག་པའང་ཐབས་ལམ་ཡང་དག་ཅིག་མ་རེད་བསམས་བྱུང་། ཡང་རྩོམ་ཡིག་དེར་རྩོམ་འབྲི་ཡིས་དགེ་རྒན་གྱི་འགྲོ་འདུག་ཉལ་འཆག་ལ་འགྱུར་ལྡོག་གཏོང་བར་མ་ཟད། དགེ་རྒན་གྱི་ཚེ་སྲོག་གི་ངོ་མཚར་རིན་ཐང་ཡང་འབྲི་ནུས། རྩོམ་འབྲི་ནི་དགེ་རྒན་གྱི་འཚོ་བའི་ཁྲོད་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཚེ། དེས་ནི་ཁོང་ཚོས་ཚོར་སྣང་སྐྱེན་པོ་ཞིག་རྒྱུན་སྲིང་དང་ཚེ་སྲོག་ཁྲོད་ཀྱི་གཏམ་རྒྱུད་དང་དེའི་ཞིབ་ཕྲའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་ལ། རང་ངོས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་། བསམ་གཞིགས། སྙིང་དོན་བརྟག་པ་བཅས་བྱ་རྒྱུ་དེ་འཚོ་བའི་རྒྱུན་རྣམ་དུ་གྱུར་ཡོད་པ་མཚོན་གྱི་ཡོད། དགེ་རྒན་ཁག་ཅིག་གིས་སློབ་གསོ་གསར་པར་བརྟེན་ནས་རྩོམ་འབྲི་བྱས་པ་བརྒྱུད་བྱིས་པའི་རྩོམ་རིག་མཁན་པོའམ་ཡང་ན་བྱིས་པར་ཞིབ་འཇུག་པ་རིགས་གཅིག་མཁས་ཅན་དུ་གྱུར་ནས་སློབ་གསོ་གསར་པའི་དཔེ་སྟོན་མི་སྣར་གྱུར་ཡོད་ཅེས་གསུངས་ཡོད་པས། རང་རེའི་དགེ་རྒན་ཚོས་དཔེ་ཀློག་མི་བྱེད་པར་རྒྱུགས་འབྲས་ཁོ་ནས་རང་མཐོ་རང་ཆེའི་བསམ་པ་རྟག་ཏུ་བཟུང་ཚེ། མི་རིགས་སློབ་གསོར་ཡར་རྒྱས་ཀྱང་དེའི་ཚོད་དུ་འོང་བ་ལ་སུ་ཡིས་བསྙོན་ནམ།

        རྩོམ་ཡིག་དེར་དགེ་རྒན་གྱི་རྩོམ་འབྲིའི་རིགས་ལ་ཕལ་ཆེར་སློབ་གསོའི་གྲ་སྒྲིག་དང་སློབ་གསོའི་དྲན་ཚུལ། སློབ་གསོའི་རྩོམ་རིག་སོགས་རིགས་བརྒྱད་དུ་དབྱེ་ཡོད་ཅིང་། རྩོམ་འབྲི་བའི་གོ་རིམ་ཁྲོད་དུ་གཤམ་གྱི་རྩ་དོན་རེ་གཉིས་ཀྱང་ཁོང་དུ་ཆུད་ཚེ་རང་ཅག་གིས་སློབ་གསོ་དང་རྩོམ་འབྲིའི་འབྲེལ་བ་ཡང་དག་དང་རྒྱུན་ལྡན་ཅན་དུ་གཏོང་ཐུབ་སྙམ།

གཅིག རྒྱུས་ལོན་དང་བསམ་གཞིག

        དགེ་རྒན་གྱི་རྩོམ་འབྲི་ནི་ངེས་པར་དུ་སློབ་གསོ་དང་སློབ་ཁྲིད་ཀྱི་སྣང་ཚུལ་ལ་ཁ་གཏད་དགོས་ཏེ། དཔེར་ན། སློབ་ཐུན་སྐབས་བྱུང་བའི་གཏམ་རྒྱུད་དང་འཛིན་གྲྭའི་ནང་དུ་བྱུང་བའི་གཏམ་རྒྱུད། དགེ་རྒན་རང་ཉིད་འཕྲད་པའི་དོན་དག་སོགས་ལ་དགེ་རྒན་རང་ཉིད་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་ཞིབ་དང་ཞིབ་འཇུག་བྱེད་དགོས། དེར་བརྟེན། ཆེད་ལས་ཀྱི་གསོག་འཇོག་ལ་སྐུལ་སློང་དང་སློབ་གསོ་དང་སློབ་ཁྲིད་ཀྱི་སྣང་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། དོན་སྙིང་འདིའི་ངོས་ཐད་ནས་བཤད་ན། དཔེ་ཀློག་ནི་རྩོམ་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། དཔེ་ཀློག་བྱས་རྗེས་ཀྱི་རྩོམ་མང་པོ་ཞིག་ནི་གཟོད་གཏིང་ཟབ་ཅིང་ཚད་མཐོན་པོ་ཡོད། དགེ་རྒན་གྱིས་རྩོམ་འབྲི་བ་དེས་ཀྱང་དགེ་རྒན་གྱི་སློབ་གསོའི་དཔེ་ཀློག་ལ་སྔར་བས་སྐུལ་མ་ཐེབས་ནས་དགེ་རྒན་གྱི་སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ་སོགས་རིགས་པའི་གཞུང་ལུགས་ཀྱི་ཆེད་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་པ་རེད། “དཔེ་ཀློག་བསམ་གཞིག་དང་སློབ་གསོའི་ལག་ལེན།རྩོམ་འབྲིའི་བསམ་ཞིབ”བཅས་ཀྱིས་དགེ་རྒན་གྱི“ཆེད་ལས་རང་བཞིན”མགྱོགས་མྱུར་ངང་སྤུས་ལེགས་སུ་གཏོང་ཐུབ་ཅེས་བྲིས་ཡོད་པས་ཁྱོད་ལ་དགེ་རྒན་གྱིས་བསླབ་གཞི་ལས་གཞན་པའི་དཔེ་ཆ་ལྟ་ཀློག་བྱེད་མི་དགོས་པའི་ཐོབ་ཐང་སུ་དང་གང་གིས་ཀྱང་སྤྲད་མེད།

གཉིས། ལག་ལེན་གྱི་འབྲེལ་བ།

        དགེ་རྒན་གྱི་རྩོམ་འབྲི་ནི་སློབ་གསོ་ལག་ལེན་གྱི་རྨང་གཞིའི་ཐོག་འབྱུང་བ་ཞིག་ཡིན་ཞིང་། སློབ་གསོའི་ལག་ལེན་གྱིས་དགེ་རྒན་གྱི་རྩོམ་འབྲིའི་ནང་དོན་དང་ཆུ་ཚད་གཏན་འཁེལ་བྱེད་ཀྱི་ཡོད། དགེ་རྒན་གྱི་རྩོམ་འབྲི་དེ་རྒྱུན་ལྡན་གྱི་སློབ་གསོ་དང་སློབ་ཁྲིད་ལ་ལྟ་ཞིབ་དང་། ཟིན་བྲིས།བསམ་ཞིབ་བཅས་བྱེད་པ་དང་ཁ་འབྲལ་ཐབས་མེད་ལ། དུས་མཚུངས་སློབ་གསོའི་ལག་ལེན་ལ་ཞབས་ཞུ་དང་ལེགས་བཅོས་ཀྱང་བྱེད་དགོས།རྩོམ་འབྲི་དང་ལག་ལེན་གཉིས་ཐོག་མཐའ་བར་གསུམ་དུ་མཉམ་དུ་གནས་ཤིང་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་བྱེད་དགོས་ཞེས་བསྐུལ་ཡོད་པས། སློབ་ཁྲིད་དང་དཔེ་ཀློག རྩོམ་འབྲིའི་རྩོད་སྒྲུབ་ཀྱི་འབྲེལ་བར་ང་ཚོས་མཐོང་ཆེན་བྱེད་དགོས་པ་ལས་འདྲེ་ཤར་དང་གླུད་ནུབ་ཏུ་འཕེན་མི་རུང་སྙམ།

        མདོར་ན། དགེ་རྒན་གྱིས་སློབ་གསོའི་ཉམས་མྱོང་ཡི་གེར་ཕབ་པའི་རྩོམ་ཡིག་ནི་དགེ་རྒན་གང་དེའི་སློབ་གསོའི་ལོ་རྒྱུས་ཀྱང་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1