ཐ་མག་འཐེན་ནས་ཤི་བའི་ནད་དཔེའི་ཁྲོད་མང་པོ་ཞིག་ནི་སྙིང་དང་འབྲེལ་བ་ཡོད་པ་རེད། ཐ་མག་འཐེན་ན་འཕར་རྩ་སྲ་འགྱུར་འབྱུང་བ་ཚང་མས་ཤེས་མོད།འོན་ཀྱང་ཐ་མག་གིས་དོན་དངོས་སུ་སྙིང་ལ་གནོད་པ་ག་འདྲ་ཞིག་ཐེབས་ཀྱིན་པ་ཚང་མས་ཤེས་བཞིན་མེད།
ཉེ་སྔོན་ཡོ་རོབ་གླིང་གི་སྙིང་གི་སློབ་ཚོགས་ཀྱི་ལོ་ཚོགས་སྟེང་། ཏེན་མག་ནས་ཡོང་བའི་ཞིབ་འཇུག་ཚོགས་པས་ཁོ་ཚོའི་ཞིབ་འཇུག་གི་མཇུག་འབྲས་ཆེས་གསར་པ་ཞིག་འགྲེམ་སྟོན་བྱས། ཞིབ་འཇུག་དེའི་དགོངས་དོན་ནི་ཐ་མག་འཐེན་ན་མིའི་སྙིང་གི་གྲུབ་ཚུལ་དང་སྙིང་གི་བྱེད་ནུས་ལ་གནོད་འཚེ་ག་འདྲ་ཐེབས་ཀྱིན་པ་ཤེས་རྟོགས་བྱེད་རྒྱུ་དེ་རེད།
ཞིབ་འཇུག་དེའི་ནང་དུ་ཆ་སྙོམས་ལོ་ཚོད་ལོ56ཡིན་པའི་མི3800ཞུགས་འདུག་པ་དང་། དེའི་ཁྲོད་ཀྱི18.6%ནི་ད་ལྟ་ད་རུང་ཐ་མག་འཐེན་མཁན་ཡིན་པ་དང་། 40.9%ནི་སྔོན་ཆད་ཐ་མག་འཐེན་མྱོང་མཁན་རེད། 40.5%ནི་ཐ་མག་གཏན་ནས་འཐེན་མ་མྱོང་མཁན་བཅས་རེད། ཞིབ་འཇུག་མཁན་གྱིས་ཞིབ་འཇུག་ཏུ་ཞུགས་མཁན་དག་ལ་སྒྲ་རླབས་བརྟག་དཔྱད་བྱས་པ་ལྟར་ན། ཐ་མག་གཏན་ནས་འཐེན་མ་མྱོང་བ་དང་ཡང་ན་བཅད་ཟིན་པའི་མི་དང་བསྡུར་ན་ད་ལྟ་ད་རུང་མུ་མཐུད་དུ་ཐ་མག་འཐེན་གྱིན་པའི་མིའི་སྙིང་གི་ནུས་པ་ཞན་པར་མ་ཟད། ཐ་མག་འཐེན་ཡུན་གྱི་རིང་ཐུང་དང་འཐེན་གྲངས་མང་ཉུང་དེ་སྙིང་ཤག་གཡོན་པའི་གྲུབ་ཚུལ་དང་བྱེད་ནུས་ཉམས་པར་ཐད་ཀར་འབྲེལ་བ་ཡོད་པ་རེད། སྙིང་ཤག་གཡོན་པ་ནི་མིའི་ལུས་སྟེང་གི་ཁྲག་ཁུངས་ཡིན་པས། རིམ་བསགས་ཀྱིས་ཐ་མག་འཐེན་ཚད་ཇི་ལྟར་མཐོ་ན།ཁྲག་འདོན་པའི་བྱེད་ནུས་དེ་ལྟར་དམའ་བ་རེད། །