༄༅། །རྒྱལ་མོ་ཚ་བ་རོང་གི་གཉེན་སྒྲིག་གོམས་སྲོལ།

ལྷ་འཛོམས་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-18



ལྷ་འཛོམས་ཀྱིས་བྲིས།        

        རོང་བྲག་རྫོང་བརྒྱ་རྒྱུད་བོད་གྲོང་ནི་རྫོང་གྲོང་ཁུལ་དང་་སྤྱི་ལེ8ཙམ་རྒྱང་བ།གྲོང་སྡེ་དེ་ནི་རྒྱལ་མོ་ཚ་བ་རོང་གི་ཆེས་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པའི་ཡུལ་ཁམས་ཁྱད་མཚར་ཅན་ཞིག་ཡིན་ཞིང་།བརྒྱ་རྒྱུད་ཟེར་བའི་རྒྱུ་མཚན་ནི་གྲོང་སྡེར་སྔ་མར་དུད་ཚང་བརྒྱ་ཡོད་པའི་ཆ་ནས་མིང་འདི་བཏགས་ཡིན་ལ། ད་ལྟར་བརྒྱ་རྒྱུད་བོད་གྲོང་དུ་གྲོང་སྡེ་གསུམ་གྱི་ནང་དུད་ཚང150ལ་ཟིན་ཞིང་མི་གྲངས700ཡོད་པ་རེད། 2005ལོར་བརྒྱ་རྒྱུད་བོད་གྲོང་འདི་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོང་གསེབ་གནའ་གྲོང་ཆེན་པོ་དྲུག་གི་ནང་ཨང་དང་པོར་བདམས་ཐོན་བྱུང་ཡོད། དམིགས་བསལ་ཀྱི་ཁྱད་ཆོས་ཡོད་པའི་བོད་ཁང་དེ་ལ་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་ཆགས་ཡོད་ཅིང་། དེའི་ནང་བརྒྱ་རྒྱུད་བོད་གྲོང་གི་གཉེན་སྒྲིག་གོམས་སྲོལ་ལ་གནའ་རབས་ཀྱི་སྲོལ་རྒྱུན་མ་ཉམས་སོར་གནས་ཡོད་པས་ཡུལ་སྐོར་བ་ཚོས་དོ་སྣང་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།

        བརྒྱ་རྒྱུད་བོད་གྲོང་གི་བུ་མོ་ཚོ་ལྷན་སྐྱེས་ཀྱི་བྱད་གཟུགས་མཛེས་པའི་ཐོག་མཛེས་འཆོས་ཀྱིས་ཅུང་ཙམ་སྤུད་ན་མཛེས་ཤིང་ལྟ་ན་སྡུག་པས་མི་སེམས་འཕྲོག་པ་ཞིག་ཡོད། བུ་མོ་ཚོ་ལོ་ན་བཅོ་བརྒྱད་བཅུ་དགུར་སོན་སྐབས་སྐྲ་ཤིང་བཅིངས་པའི་ཆོ་ག་སྤེལ་དགོས་ཞིང་། དེའི་རྗེས་སུ་རང་སེམས་ཡིད་དུ་འོང་བའི་མི་དང་རང་མོས་ཀྱིས་དགའ་རོགས་བསྒྲིག་ཆོག། སྤྱི་ཚོགས་རྙིང་པའི་སྐབས་སུ་བརྒྱ་རྒྱུད་བོད་གྲོང་གི་གཉེན་སྒྲིག་མང་ཆེ་བས་ཁྱིམ་གྱི་ཆ་རྐྱེན་དང་ཕ་མའི་བཀའ་ལ་ཉན་དགོས། བཅིངས་འགྲོལ་བཏང་རྗེས། ཕོ་མོ་ཕན་ཚུན་དགའ་པོ་བྱེད་པར་ཚོད་འཛིན་དེ་ཙམ་མི་བྱེད་པར་བརྟེན་བུ་དང་བུ་མོས་རང་མོས་བྱས་ནས་དགའ་རོགས་བསྒྲིག་ཆོག་པ་རེད། དེ་ནས་བྱ་བ་ལམ་ལྷོངས་བྱུང་སྐབས་བུ་ཚང་གིས་རང་ཁྱིམ་རྒྱུད་ཀྱི་འཇོན་ཐང་ལྡན་པའི་ཨ་ཁུ་གདན་དྲངས་ནས་བུ་མོའི་ཁྱིམ་དུ་མནའ་མ་བསླང་དུ་ཕྱིན་པ་དང་དེར་བཞིན་གཉེན་སྒྲིག་གི་དོན་དག་གྲོས་བསྡུར་བྱ་དགོས། དེ་ནས་བྱ་བ་ཡོད་ཚད་འགྲུབ་རྗེས། བུ་དང་བུ་མོ་གཉིས་ཀའི་ཁྱིམ་བདག་གིས་སྐར་མ་བལྟས་ནས་གཉེན་སྒྲིག་བྱེད་དུ་བཅུག།

        སྤྱི་ཚོགས་རྙིང་པའི་དུས་སུ་བུ་མོ་མནའ་མར་འགྲོ་སྐབས། མི་སེར་ཕལ་པ་ཚོའི་སྐྱེལ་མ་བྱེད་མཁན་མི13ཡོད་པ་དང་། སྐུ་དྲག་དང་ཡུལ་དཔོན་གྱི་བུ་མོ་མནའ་མར་འགྲོ་སྐབས། སྐྱེལ་མ་བྱེད་མཁན་མི་སུམ་ཅུ་བཞི་བཅུ་ཙམ་ཡོད། ད་ཆར་འཚོ་བའི་ཆ་རྐྱེན་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས་གཉེན་སྐྱེལ་དཔུང་སྡེའི་མི་གྲངས160ནས180བར་ཡོད་པ་དང་། མང་ཤོས་སུ་མི200ལྷག་ཙམ་ཡང་ཡོད་སྲིད། སྐྱེལ་མ་བྱེད་མཁན་གྱི་དཔུང་ཁག་ཅི་ཙམ་ཆེ་ན་དེའི་ཐོག་ནས་མནའ་མའི་ཁྱིམ་རྒྱུད་རྒྱ་ཆེ་ཞིང་གཉེན་ཉེ་དང་གྲོགས་པོ་མང་པོ་ཡོད་པ་མཚོན་གྱི་ཡོད།

        མནའ་མ་སྐྱེལ་མ་བྱེད་མཁན་དཔུང་ཁག་བུ་མོའི་ཁྱིམ་དུ་འགྲོ་སྐབས་གཉེན་ཉེའི་ནང་གི་ལ་གླུ་སོགས་ལེན་རྒྱུར་དགའ་བའི་རྒན་རྒོན་ཁ་ཤས་ཀྱིས་ཁང་ཐོག་ལངས་ནས་གནའ་བོའི་སྐྱེལ་མ་གླུ་དབྱངས་བླངས། འགྱུར་ཁུག་སྙན་ཞིང་འཇེབས་པ་ཡིན་ལ། གླུ་ཚིག་ནང་ཐོག་མར་གཉེན་ཉེ་དང་གྲོགས་པོ་དག་ཕེབས་པར་ཐུགས་རྗེ་ཆེ་ཞུ་བའི་ནང་དོན་ཡོད་པར་མ་ཟད། ད་དུང་ཁྱིམ་མི་ཚང་མས་བུ་མོ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་བཀྲ་ཤིས་སྨོན་འདུན་ཡང་བསྟན་ཡོད།

        མནའ་མ་སྐྱེལ་མཁན་དཔུང་སྡེ་གཉེན་ཚང་གི་སྒོ་ཁར་སླེབས་ཉེར་ཡོད་པའི་སྐབས་སུ་ཁང་ཐོག་ནས་ཚེ་བསོད་ནམས་འཛོམས་པའི་མི་རྒན་ཁ་ཤས་ཀྱིས་བསང་མཆོད་ཕུལ་ནས་སྨོན་ལམ་འདེབས་པ་དང་ཆབས་ཅིག་དུང་སྒྲ་གསུམ་སྒྲོག་གི་ཡོད། སྐྱེལ་མ་བྱེད་མཁན་དཔུང་སྡེའི་འགྲོད་ལམ་སྟེང་དུ་གྲོ་སོག་གིས་བཟོས་པའི་སྡེར་མ་བཞག་ཡོད་པ་དང་། སྡེར་མའི་ནང་དུ་རྩམ་པ་བརྫིས་པའི་ས་བདག་རྒྱལ་པོ་དང་ཀླུའི་རྒྱལ་པོར་མཆོད་འབུལ་བྱེད་པའི་འབུལ་རྫས་བཤམས་ཡོད་པ་རེད། སྐྱེལ་མ་བྱེད་མཁན་ཚང་མས་ལམ་འགྲམ་དུ་བླ་མས་རབ་གནས་མཛད་པའི་གྲོ་རྡོག་ལེན་དགོས་ཀྱི་ཡོད། ལམ་གྱི་གཤམ་འོག་ཏུ་མ་རྨོས་ལོ་ཏོག་དང་བཅས་པའི་ཟོག་མགོ་རྟ་ངོ་ཅན་གྱི་གདོང་དབྱིབས་སུ་མངོན་པའི་ངོ་འབག་བཞག་ཡོད་པ། དེ་དག་ཚང་མ་ངག་རྒྱུན་དུ་མི་ཡུལ་ལ་གནོད་པ་བཟོས་མཁན་གདོན་འདྲེར་ཡིན་པས། སྐྱེལ་མ་བྱེད་མཁན་དཔུང་སྡེ་དེའི་མདུན་དུ་སླེབས་སྐབས་ལག་ནང་གི་གྲོ་ཆག་ངོ་འབག་གི་སྟེང་དུ་གཏོར་དགོས་ཞིང་། སྐྱེས་པ་ཚོས་རྐང་པ་ཡར་བཀྱགས་ནས་ངོ་འབག་དེའི་མགོ་ལ་སྐོར་བ་ཐེངས་གསུམ་བརྒྱབ་པ་དང་བུ་མོ་རྣམས་ཀྱིས་སྨད་གཡོག་འཇུས་ནས་ངོ་འབག་མགོ་ཐོག་ཏུ་ཐེངས་གསུམ་བདབ་པ་དང་། དེའི་དོན་ནི་བཙོག་གྲིག་བསལ་ནས་བདུད་འདྲེ་ཡིས་གནོད་པ་བཟོས་མི་ཐུབ་པ་མཚོན་བྱེད་ཡིན་པ་རེད།

        གཉེན་ཚང་གི་སྒོ་འགྲམ་དུ་ཆུ་གཙང་མ་གང་བླུགས་པའི་ཆུ་ཟོ་ཞིག་བཞག་ཡོད་པ་དེའི་ནང་དུ་སྐལ་བཟང་མེ་ཏོག་གི་འདབ་མ་གཏོར་ཡོད། མནའ་མ་ཆུ་ཟོའི་མདུན་དུ་བསྐྱོད་སྐབས་ཆུ་ཟོའི་ཐོག་ཁ་བཏགས་ཤིག་བཞག་པ་དང་འབྲེལ་དཀོན་མཆོག་གསུམ་ལ་ཆུ་ཐེངས་གསུམ་མཆོད་དགོས། དེ་ནས་གཉེན་ཚང་གི་སྒོ་འགྲམ་དུ་སླེབས་སྐབས་མནའ་མས་སྔ་ནས་གྲ་སྒྲིག་བྱས་པའི་འབྲུ་རིགས་སྣ་ལྔ་བླངས་ནས་སྒོ་ཆེན་ཕྱོགས་སུ་མཆོད་གཏོར་བྱས་ཤིང་། དེའི་ནང་དོན་ནི་མི་གསར་པ་ཁྱིམ་དུ་སླེབས་པ་དང་དེ་ནས་བཟུང་བཀྲ་ཤིས་ཁམས་བཟང་ཡོང་བའི་སྨོན་ལམ་མཚོན་པ་རེད།

        མནའ་མ་དང་བག་རོགས་ཚོ་གཉེན་ཚང་གི་སྒོ་ཆེན་ནང་བསྐྱོད་དེ་ཐབ་ཚང་མེ་གཞོང་ལ་སྐོར་བ་ལེན་གསུམ་རྒྱག་པར་མ་ཟད། ད་དུང་འབྲུ་རིགས་སྣ་ལྔ་ཡང་མཆོད་གཏོར་བྱེད་པ་དེའི་རྗེས་མནའ་མས་ཕ་མའི་ཁྱིམ་ནས་འཁྱེར་ཡོང་བའི་མར་རྡོག་གཅིག་དང་ནས་ཆང་དམ་དོ། ཁ་བཏགས་གཅིག་ཐབ་ཀའི་མདུན་ཕྱོགས་ཀྱི་ཇ་སྡེའི་ནང་བཞག་པ་དང་། རྡོའི་སྒྱེད་པུ་ཐབ་གསུམ་འགྲམ་ནས་ཐབ་ལྷ་ཕྱོགས་ལ་དེ་རིང་ནས་བཟུང་རང་ཉིད་ཀྱིས་ཁྱིམ་མི་དང་མཉམ་དུ་འཆམ་མཐུན་མཉམ་གནས་དང་སེམས་པ་གཅིག་མཐུན་བྱས་ནས་མི་ཡུལ་གྱི་ཁྱིམ་ཚང་ཡག་ཤོས་ཤིག་འཛུགས་རྒྱུ་ཡིན་ཞེས་སྨོན་ལམ་བཏབ་སྲོལ་ཡོད་པ་རེད།

        དེ་ནས་མནའ་མ་གཉེན་ཚང་གི་ཁྱིམ་ནས་ཕྱིར་ཐོན་རྗེས་མག་པའི་རྒན་རབས་རྣམས་ཀྱིས་མཛུབ་ཁྲིད་འོག་མནའ་མ་དང་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་གུར་དཀར་པོ་ཞིག་གི་ནང་དུ་བསྐྱོད་དེ། གུར་ནང་དུ་སྐྱེལ་མ་བྱེད་མཁན་དཔུང་ཁག་གིས་སྐྱེས་པ་གཡོན་ཕྱོགས་སུ་དང་བུད་མེད་གཡས་ཕྱོགས་སུ་བྱས་ནས་རྒན་གཞོན་གྱི་གོ་རིམ་ལྟར་བསྡད་པ། གུར་ནང་ཅོག་རྩེའི་ཐོག་ཤིང་ཏོག་དང་བྱི་རིལ་སོགས་བཤམས་བསྒྲིགས་ཡོད་པ་རེད། མནའ་མའི་རྐུབ་སྟེགས་ཀྱི་འགྲམ་དུ་གྲོ་ཕྱེ་ལས་གྲུབ་པའི་བཀྲ་ཤིས་གངས་རི་བསྒྲིགས་ཡོད། བཞུགས་ཟིན་རྗེས་མག་པ་ཚང་གིས་གདན་དྲངས་པའི་གཡང་ལེན་བླ་མས་སྐྱེལ་མ་བྱེད་མཁན་དཔུང་སྡེར་བཀྲ་ཤིས་སྨོན་འདུན་ཞུས། སྐབས་དེའི་དུས་གཉེན་ཚང་ལ་རོགས་རམ་ཡོང་མཁན་གཞོན་ནུ་མ་ཚོས་གུར་ནང་དུ་ཕྱིན་ནས་སྐྱེལ་མ་ཡོང་མཁན་མི་རེ་རེར་མར་གྱི་ཆང་ཚ་དང་བྲོ་བ་ཞིམ་པའི་བསྲུབས་ཇ་དཀར་ཡོལ་གང་རེ་ཕུལ་དགོས།

        ཉིན་གུང་ཏག་ཏག་གི་ཐོག་གསོལ་སྟོན་འགོ་བཙུགས་ཏེ་། དང་ཐོག་སྐྱེལ་མ་བྱེད་མཁན་དཔུང་སྡེ་ལ་གསོལ་སྟོན་ནང་ཞུགས་སུ་བཅུག། གསོལ་སྟོན་ཁང་དུ་མག་པ་དང་མནའ་མ་ཕྱོགས་གཉིས་པོའི་གཉེན་ཉེ་དང་གྲོགས་པོ་ཚོས་མི་གསར་པ་གཉིས་ལ་སྨོན་འདུན་དང་ཁ་བཏགས་སྒྲོན་ནས་འཆམ་མཐུན་དང་མི་ཚེ་ཧྲིལ་པོ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་སྲོལ་ཡོད་པ་རེད།

        ཉིན་གུང་གི་གསོལ་སྟོན་མཇུག་བསྒྲིལ་རྗེས་མནའ་མ་བསུ་མཁན་ཚོ་གུར་ནང་དུ་ཡོང་ནས་མནའ་མ་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། དེའི་རྗེས་སུ་གཏམ་བཤད་མཛད་སྒོ་སྤེལ་ཞིང་།མཛད་སྒོ་དེ་གཉེན་ཚང་གི་ཨ་ཞང་དང་བཅས་པས་གཙོ་སྐྱོང་གནང་བ་དང་། དང་ཐོག་གཉེན་ཚང་གི་ཨ་ཞང་དང་ཨ་ཁུས་འགོ་ཚུགས་ཤིང་། གུས་གུས་ཞབས་ཞབས་ཀྱི་སྒོ་ནས་མཆོད་འབུལ་བྱེད་མཁན་གྱི་དཔུང་ཁག་ལ་བརྩི་འཇོག་གནང་བ་རེད། གཏམ་བཤད་མཛད་སྒོའི་ཐོག་གཉེན་ཚང་གི་ཨ་ཁུས་སྐད་ཆ་དུམ་བུ་གསུམ་བགོས་ནས་རྒྱལ་རོང་བོད་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་གྱི་འབྱུང་ཁུངས་གསལ་བཤད་བྱས་སྲོལ་ཡོད།གཅིག་ནི་

        གནའ་བོའི་དུས་སུ་ཕན་ཀུའུ་ཡིས་གནམ་ས་འབྱེད་པའི་རླབས་ཆེན་གྱི་བྱ་སྤྱོད་ཡོད་པར་བརྟེན་འཇིག་རྟེན་འདིར་གཞི་ནས་གནམ་དང་ས་ཡོད་པ།སྲོག་ཆགས་ཡོད་པ། མི་ཡོད་པ་དང་དེའི་རྗེས་སུ་གཉེན་སྒྲིག་ཡོད། དུས་མཚམས་གཉིས་པ་ནི་གཉེན་སྒྲིག་གི་ལོ་རྒྱུས་འཕེལ་རིམ་ནས་འགོ་བཙུགས་ཏེ་གཙོ་བོར་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་གཉེན་སྒྲིག་སྐོར་བརྗོད་ཀྱི་ཡོད། དུམ་མཚམས་གསུམ་པ་ནི་གཉེན་སྒྲིག་གི་ལམ་ཐག་དང་བརྒྱུད་རིམ་ནས་འགོ་བརྩམས་ཏེ་བཤད་པ་རེད། བསྟོད་ཚིག་གི་ནང་དུ་བཤད་རྒྱུར། བྱ་རྒོད་ཉིན་མཚན་གསུམ་ལ་འཕུར་ཞིང་། རྟ་ཕོའི་ལམ་ཐག་ཉིན་བདུན་དང་ཞག་བདུན་ལ་སོང་བ་དང་། མི་རྣམས་རྐང་ཐང་དུ་ཉིན་གསུམ་ལ་སོང་རྗེས། ད་གཟོད་མཛེས་སྡུག་ལྡན་པའི་གཉེན་སྒྲིག་བྱུང་ཞིང་། གཉེན་སྒྲིག་ཡོད་ཚད་ལ་བདེན་དཔང་ཡོད་པ་དང་དཀའ་སྡུག་མང་པོ་བརྒྱུད་དེ་གྲུབ་པ་ཞིག་ཡིན། མཇུག་ཏུ་གཉེན་སྒྲིག་སྐོར་གླེང་སྐབས་གཉེན་ཉེ་དང་གྲོགས་པོ་ཚང་མར་གཉེན་སྒྲིག་དེ་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པ་ཤེས་སུ་བཅུག་པ་རེད། གཉེན་ཚང་གི་ཨ་ཞང་དང་གཅེན་པོས་གཏམ་བཤད་བྱས་རྗེས། མནའ་མའི་ཨ་ཞང་དང་གཅེན་པོས་ཀྱང་ཡར་བཞེངས་ནས་ལན་བསྐྱོན་པར་མ་ཟད། གཉེན་ཚང་གིས་སྤྲོ་སེམས་ཆེན་པོས་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད། གཏམ་བཤད་ཀྱི་མཛད་སྒོ་མཇུག་འགྲིལ་རྗེས། གཉེན་ཚང་གི་གཅུང་པོ་དང་གཅུང་མོས་རྩིབ་རུས་གཉིས་ལྡན་གྱི་ཤ་སྐམ་དང་། རིང་ཚད་སྨི50ཙམ་དང་མཐུག་ཚད་ལ་ལི་སྨི5ཙམ་ཡོད་པའི་གོ་རེ་བཟུང་ནས། ད་དུང་ནས་ཆང་རྒྱ་མ་ལྔ་བླུགས་པའི་རྫ་ཆས་ལ་དར་དཀར་པོ་ཞིག་བསྐོར་ནས་མནའ་མ་ཚོའི་ཁྱིམ་དུ་འབྱོར། གུས་ཤིང་བརྩེ་བའི་སྒོ་ནས་མནའ་མའི་ཨ་མའི་མདུན་དུ་བཞག་ནས་བུ་མོ་གསོ་སྐྱོང་བྱས་པའི་བཀའ་དྲིན་ལ་གུས་བཀུར་ཚད་མེད་ཞུ་བའི་མཚོན་དོན་རེད།

        གསོལ་སྟོན་ཚར་རྗེས་གུར་དཀྱིལ་གྱི་ས་སྟོང་དུ་སྐོར་བྲོ་སྣ་གསུམ་འཁྲབ་དགོས་པ། སྐོར་བྲོ་མ་འཁྲབ་གོང་། རྒན་རབས་ཚོས་མག་པ་དང་མནའ་མ་བཅས་གདན་འདྲེན་ཞུས་ནས་ཕོ་མོའི་སྐོར་བྲོ་འཁྲབ་པའི་རུ་སྣ་ཁྲིད་མཁན་བྱེད་དུ་བཅུག་པ་དང་། མི་གསར་པ་གཉིས་དེ་ནས་བཟུང་བཟའ་ཚང་དུ་གྱུར་ནས་དར་མའི་གྲལ་དུ་ཚུད་ཆོག་པ་མཚོན་པ་རེད། སྐོར་བྲོ་ཐེངས་གསུམ་པའི་གླུ་ཚིག་ཚང་མ་ནི་སྨོན་འདུན་གཙོ་བོ་ཡིན་པ་རེད།

        སྐོར་བྲོ་འཁྲབ་རྗེས། སྐྱེལ་མ་བྱེད་མཁན་ཚང་མས་མནའ་མ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་དངུལ་དང་དངོས་ཟོག་འབུལ་བ་དང་རྟེན་འབྲེལ་དེ་དག་ནི་མནའ་མའི་ཁྱིམ་མི་ཚོས་དང་ལེན་བྱས་པ་དང་འབྲེལ་མནའ་མ་ལ་བརྒྱུད་སྤྲོད་བྱས་པ་ཞིག་རེད། དེ་ནས་མནའ་མས་ངོ་གདོང་འཁྲུད་ས་ལག་ཕྱེ་དང་ཡང་ན་མགོ་རྒྱན་དམར་པོ་སོགས་ཕྱིར་སྤྲད་པ་རེད།

        ཕྱི་དྲོའི་དུས་སུ་གཉེན་ཚང་གིས་སྐྱེལ་མ་བྱེད་མཁན་དཔུང་སྡེ་ལ་སྐྱུར་ཚལ་གྲ་སྒྲིག་བྱ་དགོས། མག་པ་དང་ཁྱིམ་མིས་ད་དུང་སྐྱེལ་མ་བྱེད་མཁན་དཔུང་སྡེར་ཨ་རག་ཤེལ་དམ་ཁ་ཤས་སྟེར་དགོས་ཤིང་། སྤྱིར་བཏང་བྱས་ན་ཆང་སྟེར་གྱི་ཡོད། ཨ་རག་དེ་དག་ཚང་མ་ནི་སྐྱེལ་མ་བྱེད་མཁན་དཔུང་སྡེའི་ལམ་བར་དུ་འཐུང་རྒྱུ་ཡིན་པ་རེད།

        ཉིན་དེར། མནའ་མ་སྐྱེལ་མ་བྱེད་མཁན་དཔུང་སྡེ་དང་མཉམ་དུ་ཕྱིར་ཁྱིམ་དུ་ལོག་པ་དང་ཁྱིམ་དུ་ཞག་མ་གསུམ་བསྡད་རྗེས། གཉེན་ཚང་གིས་སྐར་མ་བལྟས་ནས་བླ་མ་གདན་འདྲེན་ཞུས་ནས་གཡང་སྒྲུབ་བྱས་པ་དང་འབྲེལ་མནའ་མའི་ལོ་རྟགས་སྐྱེས་སྐར་དང་འཚམ་པའི་མི་ཞིག་བཏང་ནས་མནའ་མ་ཁྱིམ་དུ་བསུ་བ། དུས་དེ་ནས་བཟུང་མནའ་མ་དེ་གཞི་ནས་མག་པ་ཚང་གི་ཁྱིམ་མིར་གྱུར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1