བོད་ཀྱི་གསོ་བ་རིག་པའི་ལྡིང་ཁང་དུ་འཚེར་བའི་བཻཌཱུརྱའི་འོད་ཟེར།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་སྐུ་ནུབ་བློ་བཟང་རྒྱ་མཚོའི་ལོ་རྒྱུས་རགས་བསྡུས།
ཆེད་བསྐོས་གསར་འགོད་པ་མི་ཉག་འཇིགས་མེད་རྡོ་རྗེས་བྲིས་ཤིང་པར་མཁོ་འདོན་བྱས།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་སྐུ་ནུབ་བློ་བཟང་རྒྱ་མཚོ་ལགས།
གཅིག །འགོ་བརྗོད།
སྐུ་ནུབ་བློ་བཟང་རྒྱ་མཚོ་མཆོག་ནི་གུས་པར་མཚོན་ན་ཆོས་དང་རིག་གནས། འཚོ་ཚིས་ཟང་ཟིང་སོགས་ཕྱོགས་ཡོངས་ནས་བཀའ་དྲིན་ཤིན་ཏུ་ཆེ་བའི་མི་སྣ་ཞིག་ཡིན། ཁོང་གི་མི་གཤིས་ཀུན་སྤྱོད་དང་། རིག་གནས་མཁྱེན་ཡོན། ཁྱིམ་རྒྱུད་གནས་ཚུལ་སོགས་ལ་རྒྱུས་མངའ་ཆེ་ཙམ་ཡོད་ཅིང་། ལྷག་པར་དུ་སྤྱི་ལོ་2011ལོར་ཕྲན་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གསོ་རིག་འཛིན་གྲྭར་ཞུགས་རྒྱུའི་སྐལ་བ་ལྡན་པ་ནས་བཟུང་ཁོང་གི་སློབ་མར་གྱུར་ཅིང་། དེ་ནས་ད་ལྟའི་བར་དུ་དགེ་སློབ་ཀྱི་འབྲེལ་བ་འོ་ཆུ་ལྟར་འདྲེས་ནས་ཡོད་ལ། ཁོང་གིས་ཕྲན་ལ་ཐེབས་པའི་བག་ཆགས་ཀྱང་ཉུང་ཉུང་མིན། ད་ལྟ་གུས་པས་བོད་ཀྱི་གསོ་བ་རིག་པའི་ལས་གནས་གཉེར་བཞིན་ཡོད་པ་ཡང་ཁོང་གི་བཀའ་དྲིན་ལས་བྱུང་བ་ཡིན་ཞིང་། དེ་ཡང་བོད་ཀྱི་གསོ་བ་རིག་པར་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་རིགས་གསུམ་ཞེས་གྲགས་པ་ལས། ཕྱི་མ་རིགས་དང་རྗེས་སྦྱངས་གཉིས་ཀྱི་གསོ་བ་རིག་པའི་ལས་དོན་མི་སྣ་ཞིག་ཏུ་གྱུར་པའི་ལས་དབང་དེ་ཡང་ཁོང་དང་འབྲལ་ཐབས་མེད། དེ་བས་ད་ཐེངས་སི་ཁྲོན་ཏང་གི་འཛུགས་སྐྲུན་གངས་ལྗོངས་ཉི་གཞོན་རྩོམ་སྒྲིག་ཁང་གིས་དགེ་རྒན་ཆེན་མོ་སྐུ་ནུབ་བློ་བཟང་རྒྱ་མཚོར་ཆེད་དུ་བཅར་འདྲིའི་མངག་བཅོལ་འདི་ལ་བདག་གིས་དགའ་བས་དང་ལེན་བྱས་པ་ཡིན།
སྐུ་ནུབ་བློ་བཟང་རྒྱ་མཚོ་ལྷ་ས་སྨན་རྩིས་ཁང་དུ་ཟབ་སྦྱོང་ལ་འགྲོ་སྐབས།
གཉིས། ཡུལ་དངོས་བཅར་འདྲི།
གསར་འགོད་པ། རྒན་ལགས་སྐུ་ཁམས་བཟང་། སི་ཁྲོན་ཏང་གི་འཛུགས་སྐྲུན་གངས་ལྗོངས་ཉི་གཞོན་རྩོམ་སྒྲིག་ཁང་གིས་མངག་བཅོལ་ལྟར་བདག་གིས་རྒན་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་འགའ་ལ་རྒྱུས་ལོན་བྱ་འདོད་པས། རྒན་ལགས་ཀྱིས་དེའི་ཐད་ནས་བཀའ་ལན་བསྐྱོན་རོགས་ཞུ།
དགེ་རྒན་རྒྱ་མཚོ། ལགས་སོ། །ཁམས་བཟང་། འགྲིག་གི་རེད། བདག་གིས་ཤེས་ཚོད་ཀྱིས་ལན་འདེབས་ཆོག །
གསར་འགོད་པ། ཐོག་མར་རྒན་ལགས་ཀྱི་སྐུ་འཁྲུངས་དུས་དང་ཁྱིམ་རྒྱུད་ཀྱི་གནས་ཚུལ་ངོ་སྤྲོད་ཅིག་གནང་རོགས་ཞུ།
དགེ་རྒན་རྒྱ་མཚོ། བདག་ནི་སྤྱི་ལོ་1959ལོར་དཀར་མཛེས་ཁུལ་རྟའུ་རྫོང་སྨུག་རོང་ཡུལ་ཚོ་རི་འབྲུག་ཚང་ཞེས་པར་ཕ་དགྲ་འདུལ་དང་། མ་བསོད་ནམས་ལྷ་སྐྱིད་གཉིས་ཀྱི་བུ་རུ་སྐྱེས། རི་འབྲུག་ཚང་ནི་སྐབས་དེ་དུས་ལ་མཚོན་ན་ལྟོས་བཅས་ཀྱི་རིག་གནས་ཀྱི་ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་ཞིག་ཡིན། ཁྱིམ་རྒྱུད་འདིར་བོད་སྨན་མཁས་པ་དང་། ཡིག་གཟུགས་མཁས་པ། ཤིང་བརྐོས་ལག་རྩལ་མཁས་པ་སོགས་འཁྲུངས་མྱངས་ཤིང་། དེ་ཡང་རི་འབྲུག་རྣམ་འཇོམས་ཞེས་པའི་སྨན་བཅོས་མཁས་པ་ཞིག་ཁྱིམ་ཚང་འདིར་འཁྲུངས་ཡོད་ལ། དེའི་རྒྱུན་ལས་སྐུ་ནུབ་སྟག་སྤྲུལ་སྐུ་ཕྲེང་བཞི་པ་ཀུན་བཟང་གང་ཤར་རང་གྲོལ་ལགས་ཀྱང་སྨན་པ་ཆེན་པོར་གྱུར། དེ་ནས་མི་ཐོག་རིམ་བརྒྱུད་ཀྱིས་ཁྱིམ་རྒྱུད་འདིར་སྨན་པ་མཁས་པ་བར་མ་ཆད་པར་བྱུང་ཞིང་། ད་ལྟ་བདག་གི་བར་དུ་མི་ཐོག་བཞི་ལ་སྨན་བརྒྱུད་མ་ཆད་པ་རེད།
སྐུ་ནུབ་བློ་བཟང་རྒྱ་མཚོས་རྔ་བ་ཁུལ་འཛམ་ཐང་རྫོང་གསོ་རིག་བརྒྱུད་སྦྱོང་ལྟེ་གནས་སུ་གསོ་བ་རིག་པའི་སློབ་ཁྲིད་གནང་བཞིན་པ།
གསར་འགོད་པ། རྒན་ལགས་ཀྱི་མཚན་ལ་སྐུ་ནུབ་བློ་བཟང་རྒྱ་མཚོ་ཞེས་འབོད་བཞིན་འདུག་པས། མཚན་གྱི་ཐོག་མར་སྐུ་ནུབ་ཅེས་འབོད་པའི་གོ་དོན་ཅི་རེད། དེའི་སྐོར་ནས་ངོ་སྤྲོད་ཅིག་གནང་རོགས་ཞུ།
དགེ་རྒན་རྒྱ་མཚོ། སྐུ་ནུབ་ཅེས་པ་ནི་སྨུག་རོང་རི་འབྲུག་ཚང་དུ་ཁམས་མི་ཉག་སྐུ་ནུབ་དགོན་པའི་བསྟན་བདག་སྐུ་ཕྲེང་བཞི་པ་ཀུན་བཟང་གང་ཤར་རང་གྲོལ་ལགས་སྐུ་འཁྲུངས་ཤིང་། གདན་ས་ནས་སྐུ་བདག་བྱས་ཏེ་མི་ཉག་སྐུ་ནུབ་དགོན་དུ་གདན་དྲངས། སྐུ་ནུབ་སྤྲུལ་སྐུ་ནི་གོང་དུ་ཞུས་པ་བཞིན་སྐུ་ན་ཆུང་ངུའི་དུས་རི་འབྲུག་རྣམ་འཇོམས་ཀྱིས་སྨན་བཅོས་སྐོར་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཕྱིས་སུ་མདོ་ཁམས་རྫོགས་ཆེན་དགོན་དུ་གྲྭ་སར་བྱོན་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་སོགས་ཀྱི་གསོ་རིག་གི་བརྒྱུད་པ་ལས་དཔལ་ལྡན་རྒྱུད་བཞི་སོགས་ལ་འཆད་ཉན་སློབ་སྦྱོང་གནང་བ་དང་། མི་ཉག་མགར་ཐར་དུ་དར་མོ་སྨན་པ་ཞེས་གྲགས་པའི་རྒྱལ་དབང་ལྔ་པའི་བླའི་སྨན་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་ཁྱིམ་རྒྱུད་དུ་གྲགས་པའི་སྨན་པ་མཁས་ཆེན་ཞིག་སློབ་དཔོན་དུ་བསྟེན་པ་སོགས་ལས་སྐུ་ནུབ་ཀུན་བཟང་སྤྲུལ་སྐུ་ཞེས་མདོ་ཁམས་ཡུལ་གྱི་སྨན་པ་མཁས་ཆེན་དུ་གྱུར་ཅིང་། མགར་ཐར་རྫོང་བོད་སྨན་ཁང་གསར་འཛུགས་བྱས་པ་དང་། སྐུ་ནུབ་ཟླ་ཤེལ་ལྕགས་རིལ་ཆེན་མོ་སོགས་གསར་བཏོད་མཛད་པས་ཆོས་དང་རིག་གནས་ཀུན་ལ་མདོ་ཁམས་མི་ཉག་ཡུལ་དུ་སྙན་གྲགས་དང་མཛད་རྗེས་ཆེ་ལ། ཁོང་གི་མཚན་ལ་བླ་དྭགས་སུ་སྐུ་ནུབ་སྨན་པ་དང་། སྐུ་ནུབ་ཀུན་བཟང་སྤྲུལ་སྐུ་ཞེས་གྲགས་ཤིང་། དེ་ནས་སྐུ་ནུབ་སྤྲུལ་སྐུའི་སྐུ་ཚ་མཁན་པོ་འོད་ཟེར་ལགས་ཀྱང་སྐུ་ནུབ་དགོན་པའི་ཚོགས་གྲལ་དུ་ཞུགས་ཤིང་སྐུ་ནུབ་དགོན་པའི་མཁན་པོ་མཛད་པས་སྐུ་ནུབ་མཁན་པོ་འོད་ཟེར་ཞེས་འབོད་པ་བྱུང་ཞིང་། ཁོང་ཡང་སྨན་པ་མཁས་ཆེན་ཡིན་པས་སྐུ་ནུབ་སྨན་པ་འོད་ཟེར་ཞེས་གྲགས། དེ་ཡང་སྐུ་ནུབ་མཁན་པོ་འོད་ཟེར་ལགས་ནི་བདག་གི་ཁུ་བོ་ཡིན་པ་དང་། ཆུང་ངུའི་དུས་ནས་ཕྲན་ཉིད་ཕྱག་ཕྱིར་ཁྲིད་ནས་ཆོས་དང་རིག་གནས། འཚོ་བའི་ཟང་ཟིང་སོགས་བཀའ་དྲིན་གྱིས་བསྐྱངས་ཤིང་། བདག་གིས་ད་ལྟའི་བར་དུ་བོད་ཀྱི་གསོ་བ་རིག་པ་ལ་སྲི་ཞུ་ཅུང་ཙམ་ཞུ་ཐུབ་པ་བྱུང་བ་ཡང་སྐུ་ནུབ་སྤྲུལ་སྐུ་དང་། སྐུ་ནུབ་འོད་ཟེར་གཉིས་ཀྱི་བདག་རྐྱེན་ཡིན། དེ་ནས་བདག་གིས་ཀྱང་ད་ལྟའི་བར་དུ་སྐུ་ནུབ་བློ་བཟང་རྒྱ་མཚོ་ཞེས་བྲིས་པ་ཡིན་ཞིང་། གཅིག་ན་ཁོང་རྣམ་པའི་བཀའ་དྲིན་དྲན་ཕྱིར་དང་། གཉིས་སུ་གསོ་བ་རིག་པའི་བརྒྱུད་ཁུངས་ལ་གཏུགས་ཏེ་མིང་དེ་ལྟར་དུ་འབོད་པ་ལས། བདག་གི་ཁྱིམ་རྒྱུད་ནི་སྨུག་རོང་རི་འབྲུག་ཚང་ནས་རེད། གསོ་བ་རིག་པའི་བརྒྱུད་པ་ཡང་རི་འབྲུག་རྣམ་འཇོམས་དང་། སྐུ་ནུབ་སྤྲུལ་སྐུ། ཁུ་བོ་སྐུ་ནུབ་འོད་ཟེར་བཅས་ནས་བརྒྱུད་དེ་བདག་གི་བར་དུ་མི་ཐོག་བཞི་ཙམ་སོང་འདུག །
སྐུ་ནུབ་བློ་བཟང་རྒྱ་མཚོ་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོར་བསྐོས་པ།
གསར་འགོད་པ། རྒན་ལགས་ཀྱིས་སློབ་སྦྱོང་གི་བརྒྱུད་རིམ་དང་འབྲེལ་ནས་གསོ་བ་རིག་པའི་ལམ་ཁ་འདི་འདེམས་དགོས་པའི་རྒྱུ་མཚན་ངོ་སྤྲོད་ཅིག་གནང་རོགས་ཞུ།
དགེ་རྒན་རྒྱ་མཚོ། གོང་དུ་ཞུས་པ་བཞིན། བདག་ཆུང་ངུའི་དུས་ནས་ཁུ་བོ་སྐུ་ནུབ་འོད་ཟེར་གྱིས་ཕྱག་ཕྱིར་སྐུ་ནུབ་དགོན་དུ་ཁྲིད་ཅིང་། ཡི་གེ་འབྲི་ཀློག་དང་། བརྡ་སྤྲོད་ཀྱི་རྨང་གཞི་སོགས་ལ་སློབ་སྦྱོང་གི་འགོ་ཚུགས་ཤིང་། ཁྱད་པར་དུ་སྐུ་ནུབ་སྤྲུལ་སྐུའི་མདུན་ནས་སྨན་རྩྭ་བསྡུ་ལེན་དང་། ཐང་ཕྱེ་རིལ་བུ་སོགས་སྨན་རྫས་སྡེབ་སྦྱོར། སྨན་བཅོས་མན་ངག་སོགས་མང་དུ་མཐོང་ཐོས་སུ་བརྒྱུད་པ་དང་། ཞར་དང་ཞོར་ནས་ཤེལ་གོང་ཤེལ་ཕྲེང་དང་། དེལ་དམར་བའི་གཏར་མེའི་གདམས་པ་སོགས་ཀྱིས་ཁྲིད་ལུང་ཡང་ཐོབ། སྐབས་དེ་དུས་ཙམ་ནས་བདག་གིས་དཔལ་ལྡན་རྒྱུད་བཞི་ལས་རྩ་བ་ཐུགས་ཀྱི་རྒྱུད་བློ་ལ་འཛིན་པ་སོགས་ཀྱིས་མཚོན་པའི་བོད་སྨན་རིག་གཞུང་སྐོར་ལ་རྨང་གཞི་ཅུང་ཙམ་རེ་བཞག་པ་དང་། དེ་ནས་ལག་ལེན་བརྒྱུད་པའི་མན་ངག་ཀྱང་ཇི་རྙེད་ཅིག་ཐོབ་པ་བརྒྱུད་ཁུ་བོ་སྐུ་ནུབ་འོད་ཟེར་དང་མཉམ་དུ་སྤྱི་ལོ་1977ལོ་ནས་རྟའུ་རྫོང་གསེར་ཁ་མཉམ་ལས་སྨན་བཅོས་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱ་བར་ཐོག་མར་ཞུགས་པ་ཡིན། སྤྱི་ལོ་1981ལོར་སྡེ་དགེ་རྫོགས་ཆེན་དུ་སི་ཁྲོན་ཞིང་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་གསར་འཛུགས་གནང་སྐབས་བདག་གི་ཁུ་བོ་སྐུ་ནུབ་འོད་ཟེར་དགེ་རྒན་དུ་གདན་དྲངས་པ་དང་བདག་ཀྱང་ཕྱག་ཕྱིར་ཁྲིད་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཐོག་མའི་སློབ་མའི་གྲས་སུ་རྒྱུགས་འཕྲོད། རང་གི་དགའ་ཕྱོགས་དང་ཁུ་བོ་དམ་པའི་མངག་བཅོལ་ལྟར་གསོ་རིག་ཆེད་སྦྱོང་བྱ་རྒྱུ་བདམས་པ་ཡིན། སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭ་རུ་དཔལ་སྤུངས་མཁན་ཆེན་བློ་ཆོས་དང་། ར་སྐོར་མཁན་ཆེན་ཐུབ་ནོར། ཨ་རིག་མཁན་ཆེན་པདྨ་ཚེ་དབང་། བྲག་འགོ་དགེ་བཤེས་བློ་བཟང་དོན་གྲུབ། སྨུག་ཚངས་སྤྲུལ་སྐུ། རྫོགས་ཆེན་མཁན་པོ་ཐུབ་དབང་སོགས་ཀྱི་མདུན་ནས་བོད་ཀྱི་ཆོས་དང་རིག་གནས་ཇི་སྙེད་ཅིག་ལ་སློབ་སྦྱོང་བྱ་ཁུལ་བྱས་པ་ཡིན་ཞིང་། ཁྱད་པར་དུ་ཁུ་བོ་སྐུ་ནུབ་འོད་ཟེར་དང་། མདོ་ཟླ་གསལ་དབང་མོ་གཉིས་ཀྱི་མདུན་ནས་སྨན་རྩིས་ཀྱི་གཞུང་ལུགས་ཇི་སྙེད་ཅིག་ལ་སློབ་སྦྱོང་བྱས་པ་ཡིན། སྤྱི་ལོ་1983ལོར་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་བཀའ་དྲིན་བདག་རྐྱེན་ལ་བརྟེན་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཆེད་མངག་གིས་གསོ་རིག་དགེ་རྒན་གྱི་གྲས་ནས་ཁུ་བོ་སྐུ་ནུབ་འོད་ཟེར་དང་། མདོ་ཟླ་གསལ་དབང་མོ། སློབ་མའི་གྲས་ནས་བསོད་ནམས་དབང་རྒྱས་དང་། ཕྲན་བཅས་དགེ་སློབ་བཞི་ལྷ་ལྡན་སྨན་རྩིས་ཁང་དུ་མི་ལོ་གཅིག་དང་ཟླ་གསུམ་ལྷག་ལ་གངས་རིའི་ལྗོངས་ཀྱི་མ་ཧཱ་པཎྜིཏ་མཁན་པོ་ཁྲོ་རུ་ཚེ་རྣམ་ལགས་ཆེད་དུ་དགེ་རྒན་དུ་བསྟེན་རྒྱུའི་གོ་སྐབས་ཐོབ་ཅིང་། དེ་ཡང་མཚོ་སྔོན་གྱི་ཀརྨ་ཚོགས་གཉིས་དང་། བོད་ལྗོངས་ཀྱི་ཚེ་རྒྱ་ལགས། ང་ཚོ་དགེ་སློབ་བཞི་བཅས་སློབ་མ་ཉུང་ཤས་ཤིག་ལ་དཔལ་ལྡན་རྒྱུད་བཞིའི་ཁྲིད་ཆ་ཚང་བ་དང་། གཡུ་ཐོག་སྙིང་ཐིག་གི་དབང་ལུང་། གཞན་ཡང་མན་ངག་ལག་ལེན་གྱི་ཟབ་ཁྲིད་མང་པོ་ཕངས་མེད་དུ་བསྩལ་ནས་ཐུགས་བརྩེས་རྗེས་སུ་བཟུང་། ཞོར་དུ་སྨན་རྩིས་མཁས་དབང་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་སོགས་སུ་བསྟེན་རྒྱུའི་གོ་སྐབས་ཀྱང་ཐོབ། དེ་ནས་1986ལོ་ནས་2018ལོའི་བར་ལས་འཁྱུར་ངལ་གསོ་མ་བྱས་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མི་ལོ་30ལྷག་ལ་གསོ་རིག་ཆེད་སྦྱོང་སློབ་མ་བརྒྱ་སྟོང་མང་པོ་གསོ་སྐྱོང་བྱེད་ཐུབ་པ་ཡང་མཁན་ཆེན་ཚང་གི་བཀའ་དྲིན་ཡིན། ཚེ་སྔོན་བསོད་ནམས་བཟང་པོའི་འབྲས་བུས་སློབ་ཁྲིད་དང་ནད་ཐོག་ལག་ལེན་གྱི་ཁྲོད་དཀའ་གནད་ཆེ་ཕྲ་གང་འདྲ་ཞིག་ལ་འཕྲད་ཀྱང་ཁུ་བོ་སྐུ་ནུབ་འོད་ཟེར་སྐུ་མ་གཤེགས་བར་དུ་བཀའ་འདྲི་དོགས་སེལ་དང་སྲི་ཞུ་དྲིན་གཟོ་བྱ་རྒྱུའི་སྐལ་བཟང་བྱུང་། སྤྱི་ལོ་2006ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དངོས་ཚན་འཛིན་གྲྭ་ནས་མཐར་ཕྱིན་པ་སོགས་སློབ་སྦྱོང་གི་བརྒྱུད་རིམ་རགས་བསྡུས་ཤིག་ངོ་སྤྲོད་ཞུས་ན་དེ་འདྲ་རེད།
མི་སེར་ཚོར་སྨན་བཅོས་ཞབས་ཞུ་སྒྲུབ་བཞིན་པ།
གསར་འགོད་པ། རྒན་ཁྱེད་ཀྱིས་གསོ་རིག་དགེ་རྒན་མཛད་པའི་བརྒྱུད་རིམ་དང་སློབ་མ་བསྐྱངས་པའི་གྲངས་ཀ་རགས་བསྡུས་ཤིག་གསུང་རོགས་ཞུ།
དགེ་རྒན་རྒྱ་མཚོ། སྤྱི་ལོ་1985ལོར་ལྷ་ལྡན་སྨན་རྩིས་ཁང་ནས་ཕྱིར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་འབྱོར་བ་ནས་སློབ་ཁྲིད་ཀྱི་འགན་ཁུར་བ་ཡིན་ཞིང་། 1986ལོ་ནས་དངོས་སུ་དགེ་རྒན་གྱི་ལས་འགན་ཁུར་བ་ཡིན། དེ་ཡང་ད་ལྟའི་བར་དུ་བོད་ཡུལ་སྟོད་སྨད་བར་གསུམ་ནས་ཕལ་ཆེར་སློབ་མ་དྲུག་སྟོང་ཙམ་ལ་སློབ་ཁྲིད་བྱས་པ་ཡིན་ཞིང་། མང་ཆེ་བ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གསོ་རིག་འཛིན་གྲྭ་ཁག་དང་། ཞོར་དུ་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་དངོས་ཚན་འཛིན་གྲྭ་ཁག་དང་། མི་ཉག་དགོན་ཆེན་བོད་སྨན་ཁང་སོགས་སུ་དཔལ་ལྡན་རྒྱུད་བཞི་དང་། ཤེལ་གོང་ཤེལ་ཕྲེང་། དེལ་དམར་བའི་གཏར་མེའི་གདམས་པ། ཀོང་སྤྲུལ་ཟིན་ཏིག །སྨན་རྩྭ་ངོས་འཛིན་སོགས་ཀྱི་སློབ་ཁྲིད་དང་། རིང་ནས་བརྒྱུད་པའི་གསོ་རིག་མན་ངག་ཅི་ཡོད་ཅི་ཤེས་མཐའ་དག་སྦ་གསང་མེད་པར་སློབ་ཁྲིད་བྱས་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཁོངས་གཏོགས་བོད་སྨན་ཁང་དུ་རེས་མོས་ཀྱིས་མི་ལོ་30ལྷག་ལ་སྨན་བཅོས་ལག་ལེན་ཅི་འཁྱོངས་ཀྱིས་བྱས་པ་ཡིན་ཞིང་། ལས་ཞོར་དུ་དཀར་མཛེས་ཁུལ་བོད་སྨན་ཁང་གི་མངག་བཅོལ་ལྟར་དཀར་མཛེས་ཁུལ་བོད་སྨན་ཁང་གི་ཆེད་མཁས་སྨན་པའི་སྒོ་བསྟེན་སྨན་བཅོས་ཁང་དུ་མི་ལོ་5ཡིི་ཡུན་ལ་སྨན་བཅོས་སྲོག་སྐྱོབ་ཀྱི་བྱ་བ་བསྒྲུབས་པ་ཡིན།
ལས་འཁྱུར་ངལ་གསོ་བྱས་རྗེས་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་བོད་སྨན་འཛིན་གྲྭ་ཁག་དང་། རྫ་སེར་ཤུལ་དགོན་སྨན་རྩིས་ཁང་། རྔ་བ་ཁུལ་འཛམ་ཐང་རྫོང་གསོ་རིག་བརྒྱུད་སྦྱོང་ལྟེ་གནས་ཁང་སོགས་སུ་བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་དང་། གཏར་མེའི་གདམས་པ། ཀོང་སྤྲུལ་ཟིན་ཏིག་སོགས་ཀྱི་ཁྲིད་དང་ལུང་གི་བརྒྱུད་པ་ཅི་ནུས་ཀྱིས་སྤེལ་བ་ཡིན།
སྐུ་ནུབ་བློ་བཟང་རྒྱ་མཚོས་དངོས་སྦྱོང་སློབ་མར་ནད་ཐོག་ལག་ལེན་དམར་ཁྲིད་གནང་བཞིན་པ།
གསར་འགོད་པ། གསོ་རིག་དགེ་རྒན་ཞིག་གམ་བོད་ཀྱི་སྨན་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཅི་འདྲ་ཞིག་དགོས་རྒྱུ་རེད། དེའི་སྐོར་ནས་རགས་རིམ་ཞིག་གསུང་རོགས་ཞུ།
དགེ་རྒན་རྒྱ་མཚོ། སྨན་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ནི་སྨན་པའི་རྒྱུ་དྲུག་སོགས་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ཞིབ་པར་གསུངས་ཡོད་པ་རེད། དེ་ཡང་བདག་གིས་བསམ་ན། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཆ་ལག་དང་བཅས་པ་མཐར་ཆགས་སུ་སློབ་སྦྱོང་གང་འཚམ་ཞིག་ཡོད་པའི་སྟེང་། སློབ་དཔོན་མཁས་པའི་ལག་ལེན་མན་ངག་དམར་ཁྲིད་ཆ་ཚང་བ་ཡོད་པའི་རྨང་གཞིའི་ཆ་རྐྱེན་འཛོམས་དགོས་པ་དང་། རང་ངོས་ནས་སྨན་པའི་ལས་རིགས་ལ་དགའ་ཞེན་ཡོད་པ་དང་། ནད་པ་ལ་སྙིང་བརྩེ་བ་སྟེ་གཞན་ཕན་གྱི་ལྷག་བསམ་བཅོས་མིན་གྱི་རྒྱུད་ལ་བརྟན་པོ་ཡོད་དགོས། དེ་ཡང་ཚེ་འདི་དང་ཕྱི་མ་གང་ལ་བསམ་ན་ཡང་རང་གི་བློ་བདེ་བདེ་བྱེད་ཆོག་པ་ཞིག་ཡིན་ན་དེས་ཆོག་པ་རེད། གསོ་རིག་དགེ་རྒན་ཡིན་ན་ཡང་དེ་འདྲ་རེད། གཙོ་བོ་རིག་གཞུང་གི་རྐང་མཐུག་ཅིང་སློབ་མ་ལ་རང་གི་བུ་ཕྲུག་ལྟར་སྙིང་བརྩེ་བ། སློབ་མའི་རྒྱུད་ཚོད་ལྟར་སློབ་ཁྲིད་ཐབས་ལམ་ཡོད་དགོས་པ་སོགས་གཙོ་བོ་རེད།
གསར་འགོད་པ། རྒན་ལགས་ཀྱིས་ལས་འཁྱུར་ངལ་གསོ་བྱས་རྗེས་ད་སྐབས་ཕྱག་ལས་གཙོ་བོ་ཅི་ཞིག་གཉེར་བཞིན་ཡོད།
དགེ་རྒན་རྒྱ་མཚོ། ལས་གནས་ནས་ངལ་གསོ་བྱས་རྗེས་སྤྱི་ལོ་2019ལོ་ནས་ཕྱིར་ཕ་ཡུལ་རྟའུ་རྫོང་དུ་ལོག་སྟེ་སྐུ་ནུབ་ཨ་མྲྀ་ཏ་བོད་སྨན་ཁང་ཞེས་པའི་སྨན་ཁང་ཆུང་ངུ་ཞིག་ཕྱེས་ནས་སྨན་བཅོས་ལས་དོན་མུ་མཐུད་དུ་གཉེར་བ་དང་། དངོས་སྦྱོང་སློབ་མའི་ཚོགས་ལ་ཟུར་ནས་དཔལ་ལྡན་རྒྱུད་བཞི་དང་། ཟིན་ཏིག་སོགས་ཀྱི་སློབ་ཁྲིད་ཀྱང་བྱེད་བཞིན་ཡོད་ལ། ངལ་གསོའི་དུས་ཚོད་ཕུད་པའི་ཉིན་རེར་ཆ་སྙོམས་ནད་པ་བཞི་བཅུ་ཙམ་ལ་སྨན་བཅོས་བྱེད་པ་དང་། ཆུ་ཚོད་གཉིས་ལྷག་ལ་དངོས་སྦྱོང་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་བཞིན་ཡོད།
གསར་འགོད་པ། རྒན་ལགས་ལ་མ་འོངས་པར་གསོ་རིག་སྐོར་ནས་ཕྱག་ལས་ཅི་འདྲ་གནང་འཆར་ཡོད།
དགེ་རྒན་རྒྱ་མཚོ། ད་ནི་ལོ་རྒན་པོར་ཆགས་ཟིན་པས་ཆེན་པོ་མི་འགྲུབ་ཀྱང་། རང་ཉིད་ཀྱི་ཆུང་ངུའི་དུས་ཀྱི་དམ་བཅའ་བཞིན། ཚེ་ཡི་ཉག་མ་འབྱུང་བཞིའི་དབྱིངས་སུ་མ་ཐིམ་གྱི་བར་དུ། འགྲོ་བ་ནད་པ་རྣམས་ལ་ཅི་ནུས་ཀྱིས་ཕན་འདོགས་རྒྱུ་དང་། རྒྱུན་འཛིན་སློབ་མའི་ཚོགས་ལ་རང་གི་ད་སྔོན་སྦྱངས་པ་དང་ཉམས་མྱོང་ཅི་ཡོད་ཀྱིས་སློབ་ཁྲིད་བྱས་ནས། གསོ་བ་རིག་པའི་རིག་གཞུང་དང་ལག་ལེན་གཉིས་མི་ཉམས་རྒྱུན་འཛིན་ཐུབ་པ་ཞིག་སྟེ། བོད་ཀྱི་གསོ་བ་རིག་པའི་ཕུལ་བྱུང་གི་གཞུང་དང་ལག་ལེན་གཉིས་ཆར་མི་རབས་ནས་མི་རབས་བར་རྒྱུན་འཛིན་དར་སྤེལ་བྱ་ཐུབ་ན་སྙམ་པའི་འདུན་པ་ཞིག་ཡོད།
གསར་འགོད་པ། རྒན་ལགས་ཀྱིས་བདག་གི་དྲི་བར་བཀའ་ལན་བསྐྱོན་པར་ཐུགས་རྗེ་ཆེ་ཞུ།
དགེ་རྒན་རྒྱ་མཚོ། ཡ་ཡ། ལགས་སོ། །བཀྲ་ཤིས་བདེ་ལེགས།
སྐུ་ནུབ་བློ་བཟང་རྒྱ་མཚོས་ཞིང་འབྲོག་མི་སེར་ཚོར་སྨན་བཅོས་ཞབས་ཞུ་སྒྲུབ་བཞིན་པ།
གསུམ་པ། གྲུབ་འབྲས།
སྐུ་ནུབ་བློ་བཟང་རྒྱ་མཚོ་ལགས་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་དང་། དཀར་མཛེས་ཁུལ་བོད་སྨན་ཁང་གི་གདན་ཞུའི་ཆེད་མཁས་སྨན་པ། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་གླིང་གི་གདན་ཞུའི་དགེ་རྒན་ཆེན་མོ། དཀར་མཛེས་ཁུལ་བོད་སྨན་མཐུན་ཚོགས་ཀྱི་བློ་འདྲི་ཡུལ། རྒྱལ་ཡོངས་དངོས་ཚན་སྨན་གཉེར་ཆེད་སྦྱོང་སློབ་དེབ་རྩོམ་སྒྲིག་གི་ཨུ་ཡོན་གཞོན་པ་དང་། སི་ཁྲོན་བོད་རིག་པའི་ལྷན་ཚོགས་ཀྱི་ལས་འཛིན། གསར་བྱུང་རྒྱུན་བཀོལ་ཐ་སྙད་གསར་པའི་ཚིག་མཛོད་རྩོམ་སྒྲིག་པའི་ཁོངས་མི། ཁམས་པའི་བརྙན་འཕྲིན་ཁང་གི་འཆད་ཁྲིད་སྒྲོན་མེའི་གདན་ཞུའི་འཆད་ཁྲིད་པ་སོགས་ཡིན་ལ། གཙོ་བོ་བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་གནང་བ་དང་། ཞོར་དུ་བརྡ་སྤྲོད་དང་། སྙན་ངག་སོགས་ཀྱི་སློབ་ཁྲིད་གནང་། གཞན་ཡང་བོད་ཡིག་སློབ་གྲྭའི་ཁོངས་གཏོགས་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་ཁུར་ཞིང་། སྨན་བཅོས་ལས་དོན་སྒྲུབ་པ་དང་། སློབ་མའི་ཚོགས་ལ་ནད་ཐོག་ལག་ལེན་དམར་ཁྲིད་གནང་བ་སོགས་ཀྱིས་གྲུབ་འབྲས་ཆེན་པོ་བླངས་པས། སྤྱི་ལོ་1989ལོ་ནས་2008ལོའི་བར་དུ་སློབ་གྲྭའི་སློབ་དོན་ཁང་གི་གཙོ་འགན་ཁུར། 2008ལོ་ནས་2018ལོའི་བར་དུ་སློབ་གཙོ་གཞོན་པའི་འགན་ཁུར། ད་ལྟའི་བར་དུ་རགས་རྩིས་བྱས་ན་སློབ་མ་6000ལྷག་བསྐྱངས། དེ་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གསོ་རིག་འཛིན་གྲྭ་ཁག་དང་། དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་དངོས་ཚན་འཛིན་གྲྭ་ཁག །ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་བོད་སྨན་འཛིན་གྲྭ་ཁག་དང་། རྫ་སེར་ཤུལ་དགོན་སྨན་རྩིས་ཁང་། མི་ཉག་དགོན་ཆེན་བོད་སྨན་ཁང་། རྔ་བ་ཁུལ་འཛམ་ཐང་རྫོང་གསོ་རིག་བརྒྱུད་སྦྱོང་ལྟེ་གནས་སོགས་སུ་རྒྱུན་འཛིན་སློབ་མའི་ཚོགས་མང་དུ་བསྐྱངས། སྤྱི་ལོ་2014ནས་2019ལོའི་བར་དཀར་མཛེས་ཁུལ་བོད་སྨན་ཁང་གི་ཆེད་མཁས་སྨན་པའི་སྒོ་བསྟེན་སྨན་བཅོས་ཁང་དུ་མི་ལོ་ལྔའི་ཡུན་ལ་སྨན་བཅོས་སྲོག་སྐྱོབ་ཀྱི་ཕྱག་ལས་གནང་། སྤྱི་ལོ་2018ལོ་མཇུག་ཏུ་ལས་འཁྱུར་ངལ་གསོ་གནང་ཞིང་། སྤྱི་ལོ་2019ལོ་ནས་ཕ་ཡུལ་རྟའུ་རྫོང་དུ་སྐུ་ནུབ་ཨ་མྲྀ་ཏ་བོད་སྨན་ཁང་གསར་འཛུགས་གནང་སྟེ་ད་ལྟའི་བར་དུ་སྨན་བཅོས་སྲོག་སྐྱོབ་ཀྱི་ཕྱག་ལས་དང་། དངོས་སྦྱོང་སློབ་མའི་ཚོགས་ལ་གཞུང་དང་ལག་ལེན་གཉིས་ཆར་གྱི་སློབ་ཁྲིད་གནང་བཞིན་ཡོད།
ཁོང་གིས་ད་ལྟའི་བར་དུ་པར་སྐྲུན་བྱས་ཟིན་པའི་གསུང་རྩོམ་སྐོར་ལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ《སྙན་ངག་སློབ་དེབ》ཅེས་པ་དང་། 《བོད་ཀྱི་གསོ་བ་རིག་པའི་ནད་ཐོག་ལག་ལེན་གྱི་སློབ་དེབ》《གཏར་གའི་གདམས་པ་ཉེས་འཁྲུགས་སྙོགས་མ་དྲུང་འབྱིན་ཀེ་ཏ་ཀའི་འབྲུ་འགྲེལ་མེས་པོའི་ཞལ་རྒྱུན》《མདོ་ཁམས་སྨུག་རོང་ཡུལ་སྡེ་སྤྱིའི་སྣོད་བཅུད་ཀྱི་བཀོད་པ་དང་ལོ་རྒྱུས་ལུགས་གཉིས་གསལ་བའི་མེ་ལོང》སོགས་ཡོད་ཅིང་། རྒྱལ་ནང་གི་དུས་དེབ་ཁག་ཏུ་བོད་རིག་པའི་དཔྱད་རྩོམ་བཅུ་ཕྲག་བརྒལ་བ་སྤེལ་མྱོང་ཡོད། །
སྐུ་ནུབ་བློ་བཟང་རྒྱ་མཚོའི་ཕྱག་རྩོམ་འགའ།