དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས། མི་མང་བོའི་འཚོ་བ་རོལ་སྟངས་ནི་ཁ་པར་ནང་གི་བརྙན་ཐུང་ལ་ལྟ་བ་དང་། རྩིས་འཕྲུལ་ཐོག་གི་རྩེད་མོ་རྩེ་བ། ནངས་འཕྱི་ལངས་དང་དགོང་འཕྱི་ཉལ་བྱེད་པ་སོགས་ཡིན་པར་མ་ཟད། ད་དུང་སྐབས་རེ་ལ་མཚན་འཁྱོངས་བྱས་ནས་མི་གཉིད་པའང་ཡོད། དེ་ན། ཁྱོད་ཀྱི་མིག་ད་དུང་སྔར་བཞིན་བདེ་ཐང་ཡིན་ནམ།
མིག་གི་ངལ་དུབ(眼疲劳)ཅེས་པ་ནི་མིག་ནད་ཚན་ཁག་གི་རྒྱུན་མཐོང་ནད་རིགས་ཤིག་ཡིན་ནའང་། དེ་ཉིད་ཁེར་རྐྱང་དུ་ཡོད་པ་མིན་ཞིང་། དེ་ནི་མིག་གི་རྒྱུ་རྐྱེན་སྣ་ཚོགས་མཉམ་འདྲེས་བྱུང་ནས་བསྐྱེད་པ་ཞིག་ཡིན་པ་དང་། དེ་ཡིས་མིག་ལ་སྐམ་རགས་ཆེ་བ་དང་མཐོང་དངོས་རབ་རིབ་ཡིན་པ། ཐ་ན་མིག་དབང་ཉམས་པར་བྱེད་པ་ཡིན།
མིག་གི་སྤྱོད་ཡུན་རིང་བ་སྟེ། གློག་རྡུལ་འཆར་ཤེལ་ལ་ཅེར་རེ་ལྟ་བ་དང་། མིག་རྡེབ་བྱེད་ཐེངས་ཉུང་བ། མིག་ཆུའི་ཟགས་ཚད་ཉུང་བ་བཅས་ཀྱིས་མིག་གི་ངལ་དུབ་ཆེ་བར་བྱེད་པ་ཡིན།
མིག་ལ་སྐམ་རགས་ཆེ་བ་དང་སྦོས་སྐྲངས་བྱུང་ན། རང་ཉིད་ལ“མགོ་འཐོམ་མིག་རིབ”འབྱུང་བ་དང་། ཚབས་ཆེན་དུ་གྱུར་ན། ཞེན་ཁ་ལོག་པ་དང་། ཐ་ན་སྐྱུག་པ་དང་མགོ་ཡུ་འཁོར་བ། གྲང་རྔུལ་ཐོན་པ། ངོ་མདོག་སྐྱ་བོར་འགྱུར་བ། སྙིང་གི་ལྡིང་ཚད་ཇེ་དལ་དུ་འགྲོ་བ། དཔུང་བ་ན་བ་སོགས་ལུས་ཡོངས་ཀྱི་ནད་རྟགས་འབྱུང་བར་མ་ཟད། ད་དུང་རྣམ་རིག་ཉམས་པ་དང་གཉིད་མང་བའམ་ཡང་ན་གཉིད་མི་ཡོང་བ། དྲན་ཤེས་ཉམས་པ་སོགས་ཀྱི་བསམ་པའི་ནད་རྟགས་ཀྱང་འབྱུང་བ་ཡིན།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྫོགས་སོང་ནའང་། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། ང་ཚོས་སྔར་བཞིན་རང་གི་མིག་ལ་གཅེས་སྲུང་ལེགས་པོ་བྱ་དགོས་པ་སྟེ།
གཅིག གློག་རྡུལ་འཆར་ཤེལ་ལ་ཅེར་རེ་མི་ལྟ་བ་དང་། འོས་འཚམ་ངང་མིག་རྡེབ་རེ་གཉིས་བྱ་དགོས་ལ། ནུས་ཚོད་ཀྱིས་སྦས་ཐབས་མིག་ཤེལ(隐形眼镜)སྤྱོད་མི་རུང་།
གཉིས། བརྙན་འཕྲིན་དང་ཁ་པར་ལ་ལྟ་སྐབས། ཁང་བའི་ནང་དུ་གློག་འོད་འོས་འཚམ་ཞིག་ཡོད་པར་བྱ་དགོས།
གསུམ། ཙོག་པུར་བསྡད་དེ་ཁ་པར་ལ་བལྟ་རྒྱུ་ལས་གན་རྐྱལ་དུ་ཉལ་བའམ་ཡང་ན་འཕྲེད་ཉལ་བྱས་ཏེ་ལྟ་མི་རུང་།
བཞི། དྲོད་སྙོམ་ཁང་བའི་ནང་ནས་བརྙན་འཕྲིན་ལ་ལྟ་དུས། རླན་སྲུང་བྱ་བ་ལ་མཉམ་འཇོག་བྱ་དགོས་པ་དང་། ཆ་རྐྱེན་ལྡན་ཚེ་རླན་སྐྱེད་འཕྲུལ་ཆས་སྤྱད་ན། མིག་སྐམ་ནད་འབྱུང་བ་ལ་གཡོལ་ཐུབ།
ལྔ། འཚོ་བཅུདAའཛོམས་པའི་ཟས་རིགས་ཏེ་འོ་མ་དང་བྱ་སྒོང་། ལ་སེར། ཚོད་དཀར། ཚ་ལུ་མ། ཙོ་རིལ་སོགས་མང་དུ་སྤྱད་ན། ཟད་པར་གྱུར་པའི་མཐོང་བྱེད་སྨུག་རྫས(视紫质)ལ་ཁ་སྣོན་བྱེད་ཐུབ་པ་དང་། དགོང་ཟས་ལ་འཚོ་བཅུདCམང་བོ་ཡོད་པའི་སིལ་ཏོག་དང་སྔོ་ཚལ་རིགས་བཟའ་དགོས།
དྲུག གལ་ཏེ་མིག་ལ་སྐམ་རགས་ཆེ་བ་དང་དམར་པོར་གྱུར་པ། མེ་ལྟར་ཚ་བ་བཅས་ཀྱི་ནད་རྟགས་བྱུང་བ་དང་། ཐ་ན་མིག་སྐྲངས་ནས་ན་ཟུག་ལངས་པའམ་ཡང་ན་མགོ་ན་ཚེ། ལག་ཕྱིས་རློན་པ་མིག་གཉིས་ཀྱི་ཐོག་ལ་གླན་ན་ངལ་དུབ་ཞི་འཇགས་སུ་གཏོང་བ་ལ་ཕན་པ་ཡིན།
གང་ལྟར། མིག་ལ་ངལ་དུབ་ཅི་འདྲ་བྱུང་ནའང་། མིག་བཙུམས་ནས་ངལ་གསོ་བྱེད་པ་ནི་ཆེས་སྟབས་བདེ་དང་ནུས་ལྡན་གྱི་བྱེད་ཐབས་དེ་ཡིན།