མགོན་པོ་སྐྱིད། ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་།
ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་ལོ་རྒྱུས་རྒྱུན་རིང་ལྡན་ཞིང་། ལོ་ངོ་སྟོང་ཕྲག་ལྔའི་རིང་ལ་ཤེས་རིག་རིམ་འགྱུར་བྱུང་ནས་ཕྱོགས་བསྡུས་སུ་གྲུབ་པའི་མི་རིགས་ཀྱི་ཁྱད་ཆོས་དང་རྣམ་པ་མཚོན་པའི་རིག་གནས་འདི་ལ་ནང་དོན་རྒྱ་ཆེ་ཞིང་ཕུན་སུམ་ཚོགས།ཡིན་ཡང་།ཉེ་བའི་ལོ་འགའི་རིང་ལ།རྒྱུགས་སྤྲོད་སློབ་གསོ་དར་ཁྱབ་ཆེ་བའི་རྒྱབ་ལྗོངས་ཆེན་པོའི་འོག སློབ་གྲྭ་དང་ཁྱིམ་བདག་ཚོས་སློབ་མ་ཚོར་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་ཆེད། མི་ཆོས་རིག་གནས་བྱང་ཚད་གསོ་སྐྱོང་བྱ་རྒྱུར་སྣང་ཆུང་བྱས་པ་དང་། ལྷག་པར་དུ་རང་རྒྱལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོར་དེ་འདྲའི་མཐོང་ཆེན་བྱས་མེད།
རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ལ་ཕུན་སུམ་ཚོགས་པའི་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་ཀྱི་རྒྱུ་ཆ། སློབ་ཁྲིད་བྱེད་ཐབས་བཅས་ཡོད་ལ། སློབ་མའི་ལྟེ་བའི་བྱང་ཚད་གསོ་སྐྱོང་བྱེད་པའི་ཐད་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ཉམས་མྱོང་ལེགས་པོ་གང་མང་ལྡན། ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་བཟང་པོས་སློབ་མའི་ལུས་སེམས་བདེ་ཐང་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཁྱད་པར་ཅན་འདོན་ཐུབ།
གཅིག སློབ་མར་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཚུགས་སུ་འཇུག་ཐུབ།
རིག་གནས་ནི་མི་རྐང་ཚུགས་པའི་རྩ་བ་དང་བླ་སྲོག་ཡིན་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་ནི་སློབ་མར་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་བརྟན་ཚུགས་དང་། ཀྲུང་གོའི་བླ་སྲོག་བརྟན་འཛིན་ལ་གཞོགས་འདེགས་ཆེན་པོ་བྱེད་ཐུབ་པའི་ཐབས་ལམ་ཆེས་ལེགས་ཤོས་ཡིན། སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོའི་ནང་དོན་ལ་གསུང་རབ་ཁོ་ན་ཙམ་མ་ཟད། རིག་གནས་ཤེས་བྱ་དང་རོལ་རྩེད་སྣ་ཚོགས་ཀྱང་ཡོད། གསུང་རབ་ལས་སློབ་མས་སྔོན་བྱོན་དམ་པའི་མཁས་མཛངས་ལྡན་པའི་བསམ་བློ་དང་རིག་གནས་ཀྱི་བཞུར་རྒྱུན། དེ་བཞིན་རང་རྒྱལ་གྱི་སྐད་ཡིག་གི་ཐུན་མིན་སྙན་ཆ་དང་མཛེས་པ་ཡང་ལོངས་སུ་སྤྱོད་ཐུབ། རིག་གནས་ཤེས་བྱ་ལས་སློབ་མས་ལོ་རྒྱུས་ཀྱི་གཏམ་རྒྱུད་དང་མི་ཆོས་རྒྱུན་ཤེས། དེ་བཞིན་གནའ་མིའི་འཚོ་བའི་ཞིབ་ཕྲ་མང་པོ་རྟོགས་ཐུབ། རོལ་རྩེད་ལས་སློབ་མས་ཡུལ་སྲོལ་གོམས་གཤིས་དང་གནའ་བོའི་རྩེར་སོན་བཟོ་རྩལ་གྱི་ཐབས་མཁས་དང་མཛེས་ཉམས་ཤེས་ཐུབ། དེ་བས་སྲོལ་རྒྱུན་རིག་གནས་སློབ་གསོ་ནི་སློབ་མའི་རིག་གནས་བྱང་ཚད་གསོ་སྐྱོང་བྱེད་པར་སྤུས་ཚད་དང་ཕན་ནུས་མངོན་གསལ་ལྡན་པའི་ཞིབ་ཚགས་ཀྱི་སློབ་གསོ་ཞིག་ཡིན་ཞེས་བརྗོད་ཆོག
སློབ་མའི་རིག་གནས་བྱང་ཚད་མཐོར་འདེགས་གཏོང་བའི་ཐད་ནས་བལྟས་ན། སྲོལ་རྒྱུན་རིག་གནས་སློབ་གསོ་ནི་ཆེས་སྤུས་ལེགས་པའི་སློབ་གསོ་ཡིན། དགེ་རྒན་གྱིས་སློབ་མར་རིག་གནས་ཤེས་བྱ་ཡོད་ཚད་ཤེས་སུ་འཇུག་རྒྱུ་ནི་དཔེ་མི་སྲིད་མོད། འོན་ཀྱང་། སྲོལ་རྒྱུན་རིག་གནས་སློབ་གསོས་སློབ་མར་སྣ་མང་ཀུན་འདུས་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད། རིགས་ལམ་དང་བློ་སྒོ་འབྱེད་པར་ཕན་པའི་ཆ་འཕྲིན་གསེད་འགྲོལ་བྱེད་ཐུབ་པ་དང་། སློབ་མར་གོ་རིམ་ལྡན་པའི་གཏན་ཚིགས་མ་ལག་གི“ཤེས་བྱའི་སྡོང་འགྲེམ”ཆགས་སུ་འཇུག་ཐུབ། དཔེར་ན། ཀྲུང་གོའི་སྲོལ་རྒྱུན་གྱི་བློ་སྒོ་འབྱེད་པའི་བསླབ་དེབ《ཡིག་གསུམ་མདོ》《ཁུང་ཙིའི་གསུང་སྒྲོས》《ཐང་གི་སྙན་ངག་སུམ་བརྒྱ》《ས་སྐྱ་ལེགས་བཤད》སོགས་ལྟ་བུ།
གཉིས། སློབ་མའི་རང་བརྟེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།
སློབ་གསོའི་ལས་ཀ་བྱེད་མཁན་འགའ་ཤས་ཀྱིས་བལྟས་ན། སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་ནི་རྟོགས་དཀའ་ཞིང་གཏིང་ཟབ་པའི་ཤེས་བྱ་ཞིག་ཡིན་པ་དང་། བསླབ་དེབ་ནང་བདམས་ཀྱང་ནང་དོན་གོ་བར་དཀའ་ངལ་ཆེ་ཙམ་ཡོད་པས། དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་པ་ལས་སློབ་མ་རང་བདག་གིས་སློབ་སྦྱོང་བྱེད་མི་དགོས་པའི་ལྟ་བ་འདོན་གྱིན་ཡོད། ལྟ་ཚུལ་འདིའི་རིགས་ལ་ཕྱོགས་ལྷུང་གི་ཆ་ཆེན་པོ་འདུག
1.སྲོལ་རྒྱུན་རིག་གནས་ཁྲོད་དུ“བསླབ་པར་སྐུལ་བའི”ནང་དོན་ཕུན་སུམ་ཚོགས་པ་ཡོད།
སྙན་ངག་དང་ཁྱིམ་སྲོལ་སོགས་ཚད་ལྡན་ཡིག་ཆ་འབོར་ཆེན་ཁྲོད་ཁ་ཏ་སློབ་སྐུལ་གྱི་ནང་དོན་དང་བསམ་བློ་མང་པོ་ཡོད།རྒྱུ་ཆ་དེ་དག་བསླབ་དེབ་ལ་བསྒྱུར་ནས་ཁྲིད་སྟོན་བྱས་ཚེ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་དང་། སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེན་རང་བཞིན་ལ་ངེས་ཤེས་སྐྱེས་ནས་མགྱོགས་མྱུར་ངང་སློབ་སྦྱོང་གི་འགྲུལ་བཞུད་གསར་པར་ཞུགས་ཐུབ།
དབུལ་ཕོངས་དང་འབྱོར་ཕྱུག་གང་ཡིན་ཡང་། སློབ་སྦྱོང་ནི་མི་ཚེ་གང་བོར་རྒྱུན་བསྐྱང་དགོས། གནའ་མིས་སློབ་སྦྱོང་གི་གལ་ཆེའི་རང་བཞིན་ལ་རྒྱས་འགྲེལ་བྱས་ཚེ། སློབ་སྦྱོང་ལ་བརྩོན་པའི་སྙིང་སྟོབས་ནི་ད་ལྟའི་མི་ལས་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པ་ཡོད། ཐབས་ཤེས་འོས་ཤིང་འཚམས་ན། སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོས་སློབ་མར་རང་བདག་གིས་སློབ་སྦྱོང་བྱེད་པར་ཤུགས་རྐྱེན་ཐེབས་ཚད་ནི། རྒྱུན་ལྡན་སློབ་གསོའི་ཤུགས་རྐྱེན་ལས་གཏིང་ཟབ་ཅིང་རྒྱུན་རིང་བ་རེད།
2. སྲོལ་རྒྱུན་རིག་གནས་ཁྲོད་སློབ་སྦྱོང་བྱེད་ཐབས་སྣ་ཚོགས་འདུས་ཡོད།
སྔོན་རབས་པས་ཕྱོགས་སྡོམ་དང་ཚོད་ལྟས་ར་སྤྲོད་བྱས་པའི་སློབ་སྦྱོང་གི་ཐབས་ཇུས་དེ་དག་གིས་སློབ་སྦྱོང་བྱེད་ཐབས་དང་ཤེས་བྱའི་གྲུབ་ཚུལ་ཅུང་ཆ་ཚང་བ་ཞིག་ཆགས་པར་རོགས་རམ་བྱེད་ཐུབ་པ་མ་ཟད། ཕྱིས་འབྱུང་གི་མི་སྒེར་གྱི་རིག་གནས་བློ་སྦྱོང་ལ་རྨང་གཞི་བཏིངས་ནས་མི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་གོམས་གཤིས་ཆགས་པར་སྐུལ་འདེད་གཏོང་ཐུབ།
གནའ་མིར་ཡི་གེ་ངོས་འཛིན་དང་། མཆན་འགྲེལ། རང་སྦྱོང་། བློར་འབྲི་བ། དགེ་རྒན་གྱིས་འཆད་ཁྲིད་བྱེད་པའི་དུས་ཚོད་སོགས་ལ་གནད་དུ་འཕིགས་པའི་ལྟ་ཚུལ་ཡོད།
གསུམ། སློབ་མ་སྤྱི་ཚོགས་སུ་ཞུགས་པར་ཕན་པ་ཡོད།
ཚང་མས་ཤེས་གསལ་ལྟར།གནའ་བོའི་ཚད་ལྡན་ཡིག་ཆའི་ཁྲོད་དུ། མི་སྒེར་དང་མི་གཞན། མི་སྒེར་དང་སྤྱི་ཚོགས་ཀྱི་འབྲེལ་བའི་སྐོར་གྱི་རྒྱས་བཤད་མང་པོ་ཡོད། དེར་བརྟེན། སྲོལ་རྒྱུན་རིག་གནས་སློབ་གསོས་གུས་ལུགས་ཀྱི་ཚད་གཞིར་བརྟེན་ནས་སློབ་མའི་གཏམ་སྤྱོད་ལ་ཁྲིད་སྟོན་དང་།སྔོན་བྱོན་མཁས་པའི་བསླབ་བྱར་བརྟེན་ནས་སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲི་འདུ་ཤེས་གསོ་སྐྱོང་བྱེད་ཐུབ།
སྐྱེས་བུ་དམ་པའི་མི་གཤིས་ཀྱི་ཁྱད་ཆོས་ནི་ཀྲུང་གོའི་རྒྱུན་རིང་གི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་ཆེ་འབྲིང་དང་། གནད་དོན་ངོ་མ། རྙོག་འཛིང་ཆེ་བའི་གནད་དོན་བཅས་ལ་བསམ་གཞིག་བཏང་བ་ལས་བྱུང་བ་ཡིན། བསམ་གཞིག་གཏོང་སྟངས་འདི་ལས་མིག་མདུན་གྱི་ཁེ་ཕན་ལས་བརྒལ་ཏེ་གནད་དོན་ལ་གཏིང་ལོན་པའི་སྒོ་ནས་དབྱེ་ཞིབ་བྱ་ཐུབ་ཅིང་། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་དང་རྒྱལ་ཁབ། འཛམ་གླིང་བཅས་ཀྱི་དཀའ་གནད་ཆེ་བའི་ལོ་རྒྱུས་ཀྱི་དྲི་བ་མང་པོར་ལན་བཏབ་ཡོད། དེར་བརྟེན། སྲོལ་རྒྱུན་རིག་གནས་སློབ་གསོས་སློབ་མའི་འབྲེལ་འདྲིས་དང་གནད་དོན་ཐག་གཅོད་པའི་ཐད་ལ་ཐེབས་པའི་ཤུགས་རྐྱེན་ནི་རིག་ཚན་གཞན་དག་གིས་བསྡུར་ཐབས་མེད་པ་ཞིག་ཡིན།
སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དུས་རིམ་དུ་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་སྤེལ་བ་དང་།སློབ་མ་འཚར་ལོངས་འབྱུང་བའི་གནད་འགག་གི་དུས་སྐབས་སུ་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་སྤེལ་ན། སློབ་མས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། མི་ཆོས་ཀྱི་བརྩེ་སེམས་གསོ་སྐྱོང་བྱེད་པ། མི་གཤིས་འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་པ་མ་ཟད། སློབ་མས་རང་གིས་རང་ལ་དོ་དམ་དང་།སློབ་སྦྱོང་ལ་དགའ་ཞིང་སློབ་སྦྱོང་ལ་མཁས་པ།ཞིབ་འཇུག་བརྟག་དཔྱད་བྱེད་ཕོད་པ་བཅས་ཀྱི་གོམས་གཤིས་ལེགས་པོ་ཆགས་ཐུབ་ལ།འདིས་སློབ་མས་མ་འོངས་པར་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་པ་དང་། སྔོན་དཔག་བྱེད་པར་དཀའ་བའི་གནས་ཚུལ་ལ་བསྟུན་ནུས་པའི་བླ་མེད་ཀྱི་ནུས་པ་འཛོམས་པར་རོགས་རམ་བྱེད་ཐུབ།སློབ་མའི་ལྟེ་བའི་བྱང་ཚད་གསོ་སྐྱོང་བྱེད་པར་སྲོལ་རྒྱུན་རིག་གནས་སློབ་གསོ་སྤེལ་རྒྱུ་ནི་ལྡོག་དུ་མེད་པའི་འཕེལ་ཕྱོགས་ཤིག་རེད།
ང་ཚོའི་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་འབྱུང་དགོས་ན། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བསམ་པའི་སྟོབས་ཤུགས་ཆེན་པོའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། གཞོན་ནུ་ལོ་ཆུང་ནི་མི་རིགས་ཀྱི་རེ་བ་ཡིན་པས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས། །