༄༅། །བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་གཞོན་ནུའི་མགུལ་རྒྱན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


1  ལོ་རྒྱུས་སྦྱོང་བ་ལ་དགོས་པ་ག་འདྲ་ཡོད།

     ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ལེན་ཆེད་ཡིན། ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནི་ལོ་རྒྱུས་ཀྱི་བསླབ་བྱ་ལེན་ཆེད་ཡིན། འོན་ཀྱང་ལོ་ལ་སྐྱབས་བཅོལ་བ་ནི་ལོ་རྒྱུས་མཇུག་རྫོགས་པའི་སྔ་ལྟས་ཡིན། དེས་ན་ང་ཚོས་ཁ་སང་ལ་ཞིབ་འཇུག་བྱས་ནས་མེས་པོ་ཚོར་རྒྱུས་ལོན་བྱེད་པ་ནི་དེ་རིང་གི་ང་ཚོའི་སྐྱིད་སྡུག་དང་འབྲེལ་བ་ཡོད་པ་མ་ཟད། སང་ཉིན་གྱི་བུ་ཚ་དག་གི་འཚོ་གནས་དང་འབྲེལ་བ་ཡོད་དོ།

2  ལོ་རྒྱུས་ཞེས་པར་ངེས་ཚིག་ཇི་ལྟར་འགྲེལ།

     འདས་ཟིན་པའི་ལོ་ཟླ་ཡི་ནང་གི་བྱུང་བ་རྣམས་མུ་ཏིག་བསྟར་ལ་རྒྱུས་པ་ལྟར་བཀོད་པས་ན་ལོ་རྒྱུས་ཞེས་ཟེར་རོ།

3  བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་ལ་དབྱེ་ན་ཧ་ལམ་གང་འདྲ་ཡིན།

     དེ་ཡང་དུས་རིམ་བརྒྱད་ལ་དབྱེར་ཆོག་སྟེ། ཀ ཡ་ཐོག་སྐབས་ཀྱི་ལོ་རྒྱུས། ཁ སྤུར་རྒྱལ་གདུང་རབས་ཀྱི་སྐབས། ག བོད་བཙན་པོའི་དུས་སྐབས། ང  བོད་སིལ་བུའི་དུས་སྐབས། ཅ ས་སྐྱ་བའི་དུས་སྐབས། ཆ ཕག་མོ་གྲུ་པ་དང་རིན་སྤུངས་པའི་དུས་སྐབས། ཇ དགའ་ལྡན་ཕོ་བྲང་གི་དས་སྐབས། ཉ དེང་རབས་ཀྱི་སྐབས་བཅས་སོ།

4  བོད་མིའི་འགྲོ་བ་བྱུང་ཚུལ་ཅི་འདྲ་ཡིན།

     རང་ཅག་རྣམས་ཀྱི་བཤད་རྒྱུན་ལ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེལ་ཕྲུག་མང་དུ་འཕེལ་ཏེ་དེ་དག་གི་རྒྱུད་པ་ལས་བོད་མི་རྣམས་བྱུང་བར་གྲགས་སོ།

5  བོད་ཁམས་ཆགས་ཚུལ་ཅི་འདྲ་ཡིན།

     སྟོད་མངའ་རིས་ཀྱི་ཆ་ནི་རྫིང་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། སྨད་མདོ་ཁམས་སྒངས་དྲུག་ཞིང་ལྟ་བུ་ཞེས་སྔོན་གྱི་ཡིག་ཚང་དུ་མར་བར་ལྟར་ན་བོད་ཁམས་ནི་སྟོད་གཡའ་རི་དང་གངས་ཀྱི་ཡུལ། བར་བྲག་དང་སྤང་ལྗོངས། སྨད་རྩི་ཤིང་དང་ནགས་ཚལ་སྟུག་པོས་ཁྱབ་པར་བཤད་དོ།

6  བོད་ཅེས་པའི་མིང་བྱུང་ཚུལ་ཅི་འདྲ་ཡིན།

     ཀ འདོད་རྒྱལ་གྱི་མིང་ཡིན་ཟེར་མཁན་ཡོད། ཁ བོན་ཞེས་པ་ལས་ཟུར་ཆགས་པ་བཞེད་མཁན་ཡོད། ག འབོད་པ་ཞེས་པའི་ཐ་སྙད་ལས་བྱུང་ཟེར། ང འོད་གསལ་ལྷ་ལས་ཆད་པའི་འོད་དེ་བོད་ལ་གྱུར་པ་རེད་ཅེས་གསུང་ཚུལ་མི་འདྲ་བ་ཤིན་ཏུ་མང་ངོ་།

7  བོད་ཁམས་འདིར་འགྲོ་བ་མིའི་རིགས་མ་བྱུང་བའི་སྔོན་དུ་གང་འདྲ་ཞིག་ཡིན།

     རི་ལུང་ཐམས་ཅད་ཆུས་གང་ནས་ཡོད་པར་བཤད་ལ། དེ་རྗེས་ཆུ་འཁྱིལ་སའི་ཡོལ་གོ་རྣམས་ཀྱི་ཁ་ཤོར་ཏེ་ཆུ་རྣམས་རྒྱ་མཚོར་བཞུར་བའི་ཤུལ་དུ་རིམ་གྱིས་རྩི་ཤིང་ནགས་ཚལ་རྒྱས། དེ་ནས་རིམ་གྱིས་སྲོག་ཆགས་དག་འཕེལ་བའོ།།

8  རྩེད་ཐང་ཞེས་པའི་མིང་དེ་ཇི་ལྟར་ཐོགས།

     སྤྲེལ་ཕྲུག་རྣམས་མགོན་པོ་རི་ནས་ཐང་དུ་བབས་ཏེ་རྩེད་ས་ཡིན་པས་ན་རྩེད་ཐང་ཞེས་ཐོགས་སོ།།

9  བོད་མིའི་གདུང་དྲུག་དེ་གང་ཡིན་ནམ།

     སེ་རྨུ་ལྡོང་སྟོང་སྟེ་རུས་ཚན་ཆེན་པོ་བཞིར་ཆགས་པ་དང་། དེའི་སྟེང་དུ་དབྲ་དང་འགྲུ་གཉིས་བསྣན་པའོ།།

10  བོད་ལ་རུས་མེད་ཟེར་བའི་བཤད་ལུགས་དེ་བདེན་ནམ་རྒྱུ་མཚན་ཅི།

     མི་བདེན་ཏེ་བོད་ལ་ཆོས་ལུགས་ཀྱི་མིང་འདོགས་ལུགས་དར་ཁྱབ་བྱུང་ཡོད་ཀྱང་རུས་ནི་ད་ལྟའི་བར་དུ་གནས་སོ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1