༄༅། །ཡ་རྫི་རྫོང་ཁོངས་ཀྱི་དར་རྒྱལ་མཚོའི་ངོ་སྤྲོད་མདོར་བསྡུས།

སྐལ་བཟང་རིན་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། མཚོ་སྔོན་པོའི་དྲ་བ། སྤེལ་དུས། 05-04


 
ཡ་རྫི་རྫོང་གི་ཡུལ་གྱི་བཀོད་པ།
 
ཡ་རྫི་རྫོང་གི་ཡུལ་གྱི་བཀོད་པ།
  དར་རྒྱལ་མཚོ་ནི(大力加天池)མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་གི་རྡོ་སྦིས་བོད་རིགས་ཞང་གི་ཁོངས་སུ་ཡོད་པ་དང་། དེ་ནི་ཡ་རྫི་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ35ཙམ་གྱི་སའི་མདོ་སྨད་རྡོ་སྦིས་ཡུལ་གྱི་གནས་རི་ཆེན་མོ་སྟོང་དར་གུང་གསུམ་གྱི་ཡ་གྱལ། དར་རྒྱལ་སྤུན་གསུམ་གྱི་པང་། རྒྱ་མཚོའི་ངོས་ལས་སྨི4300ལྷག་གིས་མཐོ་བའི་ས་རུ་ཆགས་ཡོད་པ་དང་། མཚོ་མོ་སྤྱིའི་རྒྱ་ཁྱོན་ལ་མུའུ250ལྷག་ཡོད་ལ། མཚོ་མོ་འདིའི་མིང་གི་ཐོགས་ལུགས་ཀྱི་ཆ་ནས་ཡུལ་དེའི་མང་ཚོགས་རྣམས་ཀྱིས་དར་རྒྱལ་ལྷ་མཚོ་དཀར་པོ་ཞེས་འབོད་ཅིང་། དེའང་མཚོ་མོ་དེའི་མཐའ་སྐོར་དུ་རྫ་རིས་བསྐོར་ཞིང་མཐའ་སྐོར་གྱི་ཡུལ་ལྗོངས་ཀྱི་བཀོད་པའི་དབང་གིས་མཚོ་མོའི་མདོག་ཀྱང་དངུལ་དཀར་གྱི་མདོག་ལྟར་སྣང་བས་དེ་ལྟར་ཆགས་པར་བཤད།
  ཡ་རྫི་རྫོང་གི་ཡ་རྫིའི་མཁར་ནས་རླངས་འཁོར་ལ་བསྡད་དེ། རག་ཤའི་མདོ་དང་ཙི་ཐོག་བརྒྱུད་དེ་མུ་མཐུད་ཤར་ཕྱོགས་སུ་བསྐྱོད་ན་རྡོ་སྦིས་ཡུལ་ཚོའི་ས་ཁོངས་སུ་སླེབས་པ་དང་ཁ་ཆེའི་ཆོས་ལུགས་དང་ནང་བསྟན་ཆོས་ལུགས་ཀྱི་དབྱེ་མཚམས་སུ་ཡོངས་གྲགས་ལ་ཨ་མདོ་མཆོད་རྟེན་རང་བྱོན་དུ་འབོད་ཅིང་། དགྲ་བཅོམ་པ་ལྔ་བརྒྱས་ཞག་མ་གཅིག་ལ་བཞེངས་པར་གྲགས་པའི་གནས་འགངས་ཆེན་དེ་གསེར་འོད་ལམ་ལམ་འཕྲོ་བཞིན་བརྟན་ཅིང་བརྗིད་པར་གནས་ཤིང་། དེ་ནས་ཤར་ཕྱོགས་སུ་བལྟས་ན་དར་རྒྱལ་རི་བོ་ནི་འགྱིང་ཉམས་དང་བཅས་ཏེ་མིག་ལམ་དུ་འཆར་འོངས། རྡོ་སྦིས་ས་ཁུལ་གྱི་སྟོད་པ་ཁག་གསུམ་གྱི་ས་དཀྱིལ་དུ་ཡུལ་འདིའི་མིང་གི་ཐོགས་ཡུལ་དུ་གྱུར་པའི་སྦིས་དཀར་འདྲ་བའི་རྡོ་དེའམ་ཕ་བོང་སྦིས་ཡོད་ཅིང་། དེ་ནས་དར་རྒྱལ་རི་བོའི་ངོས་ཀྱི་ལྟོ་འགྲོ་གྱེན་དུ་འཁྱུག་པ་འདྲ་བའི་ཀྱག་ཀྱོག་གི་ལམ་འཕྲང་དག་བརྒྱུད་ན། དར་རྒྱལ་ཉག་ཁར་ཐོན་པ་དང་གནའ་མིའི་བཤད་རྒྱུན་ལྟར་ན་གནས་འདི་ནི་ཇག་པའི་བསྐུང་ལམ་ཞིག་ཡིན་པར་བཤད་ཅིང་ད་ལྟ་བལྟས་ནའང་འགག་འཕྲང་དོག་ཅིང་ས་བབ་བཙན་པས་སྐྱི་གཡའ་བའི་ཚོར་བ་ཞིག་ངང་གིས་སྐྱེས་འོངས། ཉག་ཁ་དེ་ནས་ཤར་ཕྱོགས་སུ་བལྟས་ན་ཀན་སུའུ་ཞིང་ཆེན་གྱི་ཀ་ཅུ་གྲོང་ལ་བགྲོད་སའི་ལམ་བུ་མཐོང་ཐུབ་ལ་དེ་ནས་ནུབ་ཕྱོགས་སུ་བལྟས་ན་རྡོ་སྦིས་ལུང་བ་ནི་ལག་མཐིལ་དུ་བླངས་པ་ལྟར་དུ་མཐོང་ཐུབ།དར་རྒྱལ་ཀླད་ནི་གླ་དང་དགོ་བ། གནའ་བ་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་བག་ཡངས་སུ་རྒྱུ་བའི་གནས་ཤིག་ཡིན་པར་མ་ཟད། རྩྭ་རྩི་ཐོག་ཤིན་ཏུ་རྒྱས་པའི་རྩྭ་ས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་པས་འདི་རུ་གཡང་དཀར་གྱི་ཁྱུ་ཚོགས་སྤྲིན་བཞིན་རྒྱུ་ཞིང་། ཟོག་ལུག་གི་ཤ་ཤེད་ཧ་ཅང་བཟང་། དེར་མ་ཟད་གནས་འདི་ནི་རྩྭ་སྨན་གྱི་རིགས་མོད་པོ་ཡོད་སའི་གནས་ཤིག་ཀྱང་ཡིན་པ་དང་། ལོ་རེའི་སྟོན་མཇུག་གི་སྐབས་སུ་ཐག་ཉེ་རིང་ཀུན་གྱི་བོད་རྒྱ་སྨན་པ་མང་པོས་སྨན་རྩྭ་འཐུ་ས་གཙོ་བོ་ཞིག་ཀྱང་ཡིན་པ་དང་། གཞན་ཡང་རི་བོ་འདིའི་ས་བབ་ཀྱི་དབང་གིས་དབྱར་རྩྭ་དགུན་འབུའང་ཕོན་ཆེན་ཐོན་བཞིན་ཡོད་པས་དར་རྒྱལ་རི་བོ་ནི་སྨན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་གཏེར་མཛོད་ལྟ་བུ་ཞིག་ཀྱང་ཡིན་ནོ།།
  དར་རྒྱལ་ལྷ་མཚོ་དཀར་པོ་ནི་གནས་རི་ཆེན་མོ་དར་རྒྱལ་སྤུན་གསུམ་གྱི་པང་དུ་ལྟེམ་མེར་འཁྱིལ་ཡོད་ཅིང་དེར་བགྲོད་པ་ལ་དར་རྒྱལ་ཉག་ཁ་ནས་སྤང་རི་སྔོན་མོ་རྐང་པས་བཅགས་ཤིང་ཕལ་ཆེར་ལེ་བར་དྲུག་ཙམ་ལ་བསྐྱོད་ན།དར་རྒྱལ་སྤུན་གསུམ་ཀྲོང་ངེར་འགྱིང་བ་མིག་མདུན་དུ་མངོན་འོངས་པ་དང་། དེ་ནས་ཡོངས་གྲགས་སུ་དྲང་དྲང་ལ་རུ་འབོད་པའི་བགྲོད་དཀའ་བའི་སྣང་བ་སྟེར་བའི་རྫ་ལམ་བརྒྱུད་ནས་འགྲོ་དགོས། གལ་ཏེ་ཁྱེད་རང་ཞོགས་པའི་ཉི་རྩེ་དང་འགྲོགས་ནས་དྲང་དྲང་ལ་རུ་ཐོན་ན་སྐབས་དེའི་ཡུལ་ལྗོངས་ཀྱི་བཀོད་པ་ནི་རྒྱ་ནག་གི་ཐའེ་ཧྲན་རི་བོའི་ཉི་ཤར་གྱི་ཡུལ་ལྗོངས་དེ་དང་ཆ་ཀུན་ནས་མཚུངས་སོ།། དྲང་དྲང་ལ་ངོས་ནས་ངལ་གསོས་ཤིང་རྔུལ་ཆུས་ཡོངས་སུ་བརླན་པའི་རྒྱབ་རྫ་རི་སྨུག་པོར་གཏད་ནས་ཐུར་དུ་བལྟས་ན་ནི་སྤང་ཨ་ལོང་མེ་ལོང་གི་ངོས་སུ་ཅི་དགར་བཅུད་ལྡན་རྩྭ་ཆུར་རོལ་བའི་རྟ་ནོར་ལུག་གསུམ་དང་སྣ་མང་མེ་ཏོག་གིས་བརྒྱན་པའི་ཡུལ་ལྗོངས་དག་ནི་གློག་བརྙན་བཞིན་དུ་མིག་མདུན་དུ་འཆར་ནས་འོངས་ངེས་ལ། རྒྱང་རིང་གི་ཡུལ་གྲུ་དེ་ནས་སྙན་དུང་དུང་གིས་གྲགས་པའི་ཕྱུགས་རྫི་ན་ཆུང་བུ་མོའི་འགྱུར་ཁུགས་ཀྱིས་ཕྱུག་པའི་གླུ་སྐད་སྙན་མོ་དེ་དལ་གྱིས་ཐོས་འཛིན་ལམ་དུ་བརྒྱུད་པ་ན། ལམ་བར་གྱི་ངལ་དུབ་དག་ནི་ཉི་འོད་ཤར་བ་ན་འཇའ་ཚོན་ཡལ་བ་ཇི་བཞིན་གར་སོང་ཆ་མེད་དུ་གྱུར་འགྲོ། དེ་ནས་མུ་མཐུད་དུ་དར་རྒྱལ་སྤུན་གསུམ་གྱི་རྫ་སྐེད་བརྒྱུད་དེ་ཕལ་ཆེར་ལེ་བར་ལྔ་ཙམ་བསྐྱོད་པའི་མཚམས་ཀྱི་རྫ་གསེབ་ཏུ་དྭངས་ཤིང་གཙང་བའི་ཆུ་མིག་ཅིག་ལྷོག་ལྷོག་གིས་བཞུར་འོངས་པ་དང་འཕྲད་ཅིང་། དེ་ནི་དར་རྒྱལ་ལྷ་མཚོ་དཀར་མོའི་མཚོ་ཆུ་ཡིན་པ་དང་། གནས་དེར་ཐོན་པ་ན་མི་ཀུན་གྱིས་ཁ་ངོ་གཙང་མར་བཀྲུ་ལ་བཤད་ཚུལ་ལྟར་ན་དར་རྒྱལ་ལྷ་མཚོ་དཀར་པོའི་མཚོ་ཆུས་བྱིན་རླབས་ཞུགས་ནས་རང་ཉིད་ཀྱི་མི་གཙང་བ་དག་རྨང་ནས་བཤལ་བའི་ཕན་ཡོན་ལྡན་པར་བཤད། དེ་ནས་གོམ་པ་བརྒྱ་ཙམ་གྱི་ལ་ཐུང་ཞིག་གི་ཁར་བུད་ན་དར་རྒྱལ་ལྷ་མཚོ་དཀར་པོ་མིག་མདུན་དུ་ལྷག་གེར་མངོན་ཡོང་ལ། དེ་ནི་སུ་ཞིག་ཡིན་རུང་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བར་བྱེད། མཚོ་ཁ་རུ་གནས་བདག་དར་རྒྱལ་སྤུན་གསུམ་ལ་ལྷ་བསང་གཏོང་སའི་བསང་ཁྲི་ཆེན་མོ་ཞིག་ཡོད་ཅིང་དེ་ནས་ཀྭི་ཀྭི་བསོ་བསོའི་སྒྲ་དང་བཅས་ཏེ་ལྷ་བསང་གཏོང་བའི་སྲོལ་ཡོད། བཤད་རྒྱུན་དུ་དར་རྒྱལ་སྤུན་གསུམ་གྱི་ཁ་ཕྱི་ལ་འཁོར་ཡོད་པ་དང་དར་རྒྱལ་ལྷ་མཚོ་དཀར་པོ་ནི་དེའི་དཀྱིལ་དུ་འཁྱིལ་ཡོད། རྒྱང་ནས་བལྟས་ན་མཚོ་མོ་དེ་ནི་དངུལ་དཀར་གྱི་མེ་ལོང་ཞིག་ཐང་ལ་བཞག་པ་དང་འདྲ་ཞིང་དེའི་མཐའ་སྐོར་གྱི་རྫ་རིའི་ཁ་དོག་ལྡོག་བརྙན་དུ་འཆར་བས་དབྱར་དགུན་སྟོན་དཔྱིད་མེད་པར་མཚོ་མོའི་མདོག་ནི་དངུལ་དཀར་གྱི་མདོག་ཏུ་སྣང་།
 
ཡ་རྫི་རྫོང་གི་ཡུལ་གྱི་བཀོད་པ།
  ལོ་རེ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅུ་ཉིན་ནི་ཡུལ་འདིའི་སྲོལ་རྒྱུན་ལྟར་ན་རྡོ་སྦིས་སྟོད་པ་ཁག་གསུམ་གྱི་དར་རྒྱལ་སྤུན་གསུམ་ལ་ལབ་ཙེ་གཏོད་པའི་ཉིན་ཡིན་པ་དང་།ཚེས་བཅོ་བརྒྱད་ཉིན་ལ་ཡུལ་ལུང་འདིའི་སྐྱེས་ཕོ་མོ་རྣམས་དར་རྒྱལ་མཚོ་ཁར་མཚོ་གཏེར་འབུལ་དུ་འགྲོ་བའི་སྲོལ་ཡོད་ཅིང་སྐབས་འདིར་མཐའ་འཁོར་གྱི་ཡུལ་གྲུ་སོ་སོ་ནས་འོངས་པའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་གནས་འདིར་འདུས་ཤིང་མཚོ་བསྐོར་རྒྱག་ཅིང་མཚོ་གཏེར་འབུལ། དབྱར་ཟླ་དྲུག་པའི་རྡོ་སྦིས་ས་ཁུལ་ནི་ཆེས་སྤྲོ་སྐྱིད་ལྡན་པའི་དུས་ཤིག་ཡིན་ཏེ། དེའང་མདོ་དབུས་ས་མཐོའི་ས་ཁུལ་གཞན་དང་འདྲ་བར་སྐབས་འདིར་རྡོ་སྦིས་ཡུལ་གྱི་གནམ་གཤིས་དྲོད་གྲང་གི་ཆ་ནས་མིའི་ལུས་ཁམས་དང་འཕྲོད་ཅིང་མཁའ་དབུགས་དྭངས་ཤིང་གཙང་བ། དབྱར་གྱི་དཔལ་ཡོན་མངོན་པར་བཞད་པའི་སྐབས་དང་འཁེལ་བས་དར་རྒྱལ་མཚོ་ཁར་སོང་ན་ལམ་བར་གྱི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་ཅིང་དུས་བབ་དང་འཚམ་པའི་དགེ་མཚན་མང་དུ་མཆིས་སོ།།
  ཚེས་བཅོ་བརྒྱད་ཉིན་དར་རྒྱལ་མཚོ་ལ་མཚོ་གཏེར་ཕུལ་ཞིང་མཚོ་མཇལ་བྱས་རྗེས་སྐྱེས་ཕོ་མོ་ན་གཞོན་རྣམས་ཕྱིར་རི་འདབས་སུ་བབས་ཤིང་སྡེ་བ་དང་སྡེ་བ། སེམས་ཁ་མཐུན་ཕྱོགས་ལྟར་དུ་གླུ་ལེན་གར་རྩེད་ལ་རོལ་ཞིང་དུས་འདའ་བར་བྱེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1