ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེ་དང་སི་རི་ཡར་ས་འགུལ་ཆེན་པོ་བྱུང་བར་སོ་སོར་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་དང་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ལ་འཚམ་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོའི་རྒྱལ་ཁབ་ལ་ས་འགུལ་དྲག་པོ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཚབས་ཆེན་བྱུང་བ་ཤེས་པས། འདིར་ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་སེམས་གདུང་དྲག་པོས་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་དང་རྨས་སྐྱོན་ཐེེབས་མཁན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམ་འདྲི་ཞུ་བ་ཡིན། སྐུ་ཞབས་ཙུང་ཐུང་གི་སྣེ་ཁྲིད་འོག ཁྱེད་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱིས་སྔ་མོ་ནས་གནོད་སྐྱོན་གྱི་ཤུགས་རྐྱེན་སེལ་ནས་ཁྱིམ་གཞིས་བསྐྱར་འཛུགས་ཐུབ་པར་ཅིས་ཀྱང་ཡིད་ཆེས་ཡོད། །