སྡེ་དགེ་རྫོང་དང་ལེ་ཧྲན་གྲོང་ཁྱེར་ཅཱ་ཅང་རྫོང་གཉིས་ཀྱིས་དང་པོའི་བཅོ་ལྔའི་དུས་ཆེན་ལ་མངོན་མིན་རིག་གནས་ཤུལ་བཞག་གི་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-08



དཀར་མཛེས་ཁུལ་སྡེ་དགེ་རྫོང་དང་ལེ་ཧྲན་གྲོང་ཁྱེར་ཅཱ་ཅང་རྫོང་གཉིས་ཀྱིས་ལག་གདང་སྦྲེལ་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་མངོན་མིན་རིག་གནས་ཤུལ་བཞག་གི་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ།

        དང་པོའི་བཅོ་ལྔའི་དུས་ཆེན་ལ། རིག་གནས་ལེགས་སྐྱེས་གྱ་ནོམ་པ། སྤྱི་ཟླ་2པའི་ཚེས་5ཉིན་ཏེ་དཔྱིད་གསར་དུས་ཆེན་གྱི་དང་པོའི་བཅོ་ལྔའི་དུས་ཆེན་ཉིན་དུ། དཀར་མཛེས་ཁུལ་སྡེ་དགེ་རྫོང་དང་ལེ་ཧྲན་གྲོང་ཁྱེར་ཅཱ་ཅང་རྫོང་གཉིས་ཀྱིས་ལག་གདང་སྦྲེལ་ནས། བོད་ཆའང་དབྱིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་རིག་རྩལ་འཁྲབ་སྟོན་གྱི་རྣམ་པས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་གཟབ་རྒྱས་ཤིག་ལེ་ཧྲན་གྲོང་ཁྱེར་ཅཱ་ཅང་རྫོང་དུ་སྤེལ་བ་རེད།




        ཐེངས་འདིའི་བྱེད་སྒོ་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ལེ་ཧྲན་གྲོང་ཁྱེར་ཅཱ་ཅང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་དུ་ལག་གདང་སྦྲེལ་ནས་གཙོ་སྒྲུབ་བྱས་པ་དང་། བོད་ཆའང་དབྱིས་ཀྱི་རིག་གནས་རྒྱུན་འཛིན་ལ་ནུས་ཤུགས་ཕྱུང་བ་དང་། མི་རིགས་རིག་གནས་ཐོན་ལས་སྐྱེད་སྲིང་བྱེད་པའི་ནུས་ཤུགས་ལྡན་པའི་མཉམ་འབྲེལ་ཐེངས་ཤིག་རེད།




        གར་སྟེགས་ཐོག་ཏུ་སྡེ་དགེའི《གླིང་བྲོ》དང་ཅཱ་ཅང་གི་དྲག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་པ་ནས། ལྟད་མོ་བའི་མིག་དབང་འཕྲོག་ཅིང་ཐལ་མོའི་རྡེབ་སྒྲས་ཡུལ་དངོས་ཁེངས། དེ་ནས་སྡེ་དགེའི་པར་འདེབས་ལག་རྩལ་དང་ཅཱ་ཅང་གི་ལོ་སར་རི་མོ་གཉིས་གཅིག་རྗེས་གཉིས་མཐུད་དུ་ཡུལ་དངོས་སུ་འགྲེམས་སྟོན་བྱས་པས། ལྟད་མོ་བའི་དགའ་འབོད་དང་ཐལ་མོའི་རྡེབ་སྒྲ་སྔར་བས་ཇེ་ཆེར་གྱུར། དེ་དང་དུས་མཚུངས་སུ་སྡེ་དགེ་རྫོང་དང་ཅཱ་ཅང་རྫོང་གཉིས་བར་ཡུལ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ལེགས་སྐྱེས་འབུལ་རེས་བྱས་པས། ཕན་ཚུན་བར་རིག་གནས་བརྗེ་རེས་དང་སྤེལ་རེས་ཐད་སྔར་བས་ཇེ་ལེགས་དང་ཇེ་དགའ་ཡོང་བར་སྐུལ་འདེད་བཏང་ཡོད།




        གཞན་ཡང་། དམངས་ཁྲོད་ཀྱི་གླུ་གར་འཁྲབ་སྟོན་ནི་ད་ཐེངས་ཀྱི་རིག་གནས་སྤེལ་རེས་ཀྱི་བརྗོད་བྱ་གལ་ཆེ་ཤོས་དེ་ཡིན་པས། འཁྲབ་སྟོན་གྱི་ཁྲོད་དུ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྡེ་དགེ་རྫོང་གི《ཕ་ཡུལ་སྡེ་དགེ》 དང་《སྡེ་དགེའི་བྲོ་ཆེན》དེ་མིན་ཅཱ་ཅང་རྫོང་གི《དབྱང་ཀོ》བཅས་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། བྱེད་སྒོའི་མཇུག་ཏུ། ཅཱ་ཅང་རྫོང་གི་ཡུལ་མི་དང་ཕྱོགས་སོ་སོའི་ཡུལ་སྐོར་བ་རྣམས་ཀྱི་མིག་ལམ་དུ་རྫོང་ཁག་གཉིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་ཤིང་། བོད་ཤོག་དང་རྫ་བཟོ། ཐང་ག །ལོ་སར་རི་མོ་སོགས་ཀྱིས་སྡེ་དགེ་དང་ཅཱ་ཅང་ས་གནས་གཉིས་ཀྱི་གཏིང་ཟབ་པའི་རིག་གནས་མངོན་པར་བྱས་ཡོད།




        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་སྡེ་དགེ་རྫོང་དང་ཅཱ་ཅང་རྫོང་གཉིས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་ལག་ལེན་ཐེངས་ཤིག་རེད་འདུག་ལ། ས་གནས་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་གཏོང་བར་སེམས་གཏིང་ནས་རྟོགས་པ་དང་། རང་སའི་རིག་གནས་ཀྱི་དགེ་མཚན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་བསམ་པའི་ནུས་ཤུགས་ཇེ་བརྟན་གཏོང་པའི་ཉམས་ཞིབ་ཐེངས་ཤིག་རེད་འདུག །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1