ཉིན་འདི་ཁ་ཤས་སྔོན། སྨྱུག་འཛིན་པས་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་ཡུལ་ནགས་ལུང་མཚོའི་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག་དང་། བྲག་མགོ་གཤིས་ཆུའི་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག་གཉིས་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཚོད་ལྟའི་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོན་བྱུང་བ་རེད། ད་སྔར་རང་རེའི་ཞིང་ཆེན་ལ་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག(ཚོད་ལྟའི་གླིང་ག་ཚུད)29དང་ཞིང་ཆེན་རིམ་པའི་འདམ་ར་གླིང་ག26ཡོད་པ་རེད།
དཔལ་ཡུལ་ནགས་ལུང་མཚོའི་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག་ནི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ཤར་རྒྱུད་ཀྱི་འབྲི་ཆུའི་ཆུ་འགོ་དང་འབྲི་ཆུ་འབབ་རྒྱུད་ཀྱི་ཆུ་འཛོམས་སའི་ས་ཁུལ་གལ་ཆེན་དུ་གནས་ཡོད་པ་རེད། འདམ་ར་གླིང་གའི་རྒྱ་ཁྱོན་བསྡོམས་འབོར་ཧ་ལམ་སྤྱི་ཆིང་ཁྲི3ཙམ་ཡོད་ཅིང་། འདམ་རའི་རིགས་ཧ་ཅང་མང་པོ་ཡོད་ལ། གནའ་བོའི་འཁྱགས་ཀླུང་གི་རྗེས་ཤུལ་དང་གཞི་ཁྱོན་ཆེ་བའི་དེང་རབས་ཀྱི་འཁྱགས་ཀླུང་རང་སོར་གནས་ཡོད་པར་བརྟེན། རྒྱལ་ཁབ་ནང་ཁུལ་དུ་ས་འོག་ཚ་ནུས་ཀྱི་འདམ་རའི་ཐོན་ཁུངས་ཡོད་པའི་འདམ་ར་གླིང་ག་ཉུང་ཤས་ཀྱི་ཡ་གྱལ་ཞིག་རེད། འདམ་ར་གླིང་ག་རུ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། ཀྲུང་ཧྭ་རྩྭ་འཇག་དང་མཐོ་གྲང་གི་ཆུ་སྒོག། རི་མཐོའི་མཚལ་འབྲས། འབྲས་ཆེན་ཤུག་པ། སྟག་ཤ་སོགས་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་རྩི་ཤིང་ཡོད་པར་མ་ཟད། ཁྲུང་ཁྲུང་སྐེ་ནག་དང་གླ་བ། ཤྭ་བ་མཆུ་དཀར་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱང་ཡོད་པ་རེད།
བྲག་མགོ་གཤིས་ཆུའི་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག་ནི་བྲག་འགོ་རྫོང་གི་ཤྭ་ར་ཐང་ཡུག་སྦྲེལ་ས་ཁུལ་དུ་གནས་ཤིང་། རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིང11261.58ཡོད་པ་རེད།འདམ་ར་གླིང་གའི་ནང་མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག་དང་། ནགས་ཚལ་གྱི་སྐྱེ་ཁམས་མ་ལག། སྡོང་ཕྲན་གྱི་སྐྱེ་ཁམས་མ་ལག། རྩྭ་སའི་སྐྱེ་ཁམས་མ་ལག་སོགས་སྐྱེ་ཁམས་མ་ལག་རིགས་སྣ་ཚོགས་ཡོད་པར་བརྟེན། གདོད་མའི་རྣམ་པ་ཅུང་ཡོད་པར་མ་ཟད་རིགས་སྣ་ཚོགས་ཀྱི་རྣམ་པ་ཡོད་པས་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཅིག་འདུས་ས་ཁུལ་ཞིག་ཡིན་པ་རེད། འདམ་ར་གླིང་གའི་ནང་ད་དུང་ཁྲུང་ཁྲུང་མགོ་ནག་དང་ངང་པ་མགོ་སྔོན། ངང་པ་དམར་པོ་སོགས་ཀྱིས་མཚོན་པའི་འདབ་ཆགས་རིགས་ཚོགས་ཡོད་པ་རེད།
རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ཀྱི་བླང་བྱ་ལྟར། ཚོད་ལྟ་དང་ཞིབ་བཤེར་རྩིས་ལེན་བྱས་པའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་ལ་ད་དུང་འདམ་རའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཐོན་རྫས་སྤུས་དག་དེ་བས་མང་པོ་མཁོ་འདོན་བྱེད་གང་ཐུབ་བྱས་ཏེ་རི་སྔོ་ཆུ་དྭངས་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱ་དགོས་པ་རེད།།