བོད་ལྗོངས་ཀྱི“སྔོ་ལྗང་མཛེས་ལྗོངས་ཁུལ”གྱིས་ཆུའི་ལས་དོན་ཡག་པོ་བསྒྲུབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-14


འདི་ནི་ཡར་ཉང་འདམ་རའི་མཛེས་ལྗོངས་ཡིན་པ།

 ཉིང་ཁྲི་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་གནས་པས་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེ་གར་ཆུ་བོ་དང་མཚོ་མང་བ་སྟེ། ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ཉང་ཆུ་སོགས་ཆུ་བོ་བརྒྱ་གྲངས་ཁ་ཤས་དང་བྲག་གསུམ་མཚོ་དང་མཚོ་མོ་སྐྱིད་རི་སོགས་མཚོ་བཅུ་གྲངས་ཁ་ཤས་ལས་ཐུན་མིན་གྱི་དྲ་དབྱིབས་ཆུ་རྒྱུད་གྲུབ་ཡོད། ལོ་མང་རིང་ས་ངོས་ཀྱི་ཆུའི་ཆ་སྙོམས་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2329.11ཟིན་པ་དེས་ལྗོངས་ཡོངས་ཀྱི་53%བཟུང་བ་དང་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་128.4ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་50ཡན་གྱི་ཆུ་བོ(ཆུ་བོའི་དུམ་བུ)ཁག་651ཡོད་པ་དང་། རང་བྱུང་ཆུ་ནུས་གསོག་ཚད་སྤྱི་འབོར་ཆན་ཝ་དུང་ཕྱུར་1.43ཟིན་ཡོད།

 ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས“ཆུ་གྲོན་ཆུང་སྔོན་ལ་བྱེད་པ་དང་། བར་མཐོངས་དོ་སྙོམས་ཡོང་བ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ཀ་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་ལག་ལེན་ཧུར་ཐག་བསྟར་ནས“ཆུ་བཞི་གཏན་འཁེལ་བཞི”ཡི་རྩ་དོན་ལྟར་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ་དང་། ཆུ་གྲོན་ཆུང་ལ་དོ་དམ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན། གཙང་པོ་དང་མཚོ་དོ་དམ་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་རྒྱུན་མཐུད་གསར་སྤེལ་བེད་སྤྱོད་ཐུབ་པའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ཤུགས་བརྒྱབ་ཡོད།

 ཉིང་ཁྲི་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྤེལ་བས་2021ལོ་དང་2022ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕུལ་བྱུང་དུ་བདམས་ཡོད།

 རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཆུ་གྲོན་ཆུང་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

 གྲོང་ཁྱེར་ཞིག་ཆུ་ལ་གྲོན་ཆུང་བྱེད་མཁས་པོ་ཡོད་མེད་གྲོང་ཁྱེར་དེའི་དོ་དམ་ཆུ་ཚད་དང་འབྲེལ་བ་དམ་ཟབ་ཡོད།

 ཉིང་ཁྲི་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ལོ་འཁོར་ཁག་གི་ཆུ་སྤྱོད་པའི་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་དམིགས་ཚད་ལ་དམིགས་ནས《ཉིང་ཁྲི་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཆུའི་ཐོན་ཁུངས་ཀྱི་དོ་དམ་ནན་ཤོས་དམིགས་ཚད་ཁག་བགོས་ཇུས་གཞི》བཟོས་པ་རེད། དེ་དང་ཆབས་ཅིག་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་གི་བླང་བྱ་ལྟར《ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི“ལོ་ལྔ་ཚན་བཅུ་བཞི་པའི”ལོ་འཁོར་ཁག་གི་ཆུ་སྤྱོད་པའི་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་དམིགས་ཚད་སྐོར་གྱི་བརྡ་ཐོ》བཀྲམ་ནས་གྲོང་ཁྱེར་ཡོངས་ཀྱི་ཆུ་སྤྱོད་པའི་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་དམིགས་ཚད་ལ་དབྱེ་འབྱེད་བྱས་པ་རེད། 《ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་བསྟར་ཇུས་གཞི》བཀྲམ་ནས་མི་དང་། གྲོན་དངུལ། ལམ་ལུགས་དང་བྱ་ཐབས་བཅས་ལ་བརྟེན་ནས་ཆུ་གྲོན་ཆུང་གི་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཁོངས་མིའི་ཚན་པ་ཁག་གིས་འགན་འཁྲི་གཞིར་བཟུང་ཆུ་གྲོན་ཆུང་གི་བྱ་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ཞིག་ཆགས་པར་བྱས་ཡོད།

 “ང་ཚོས་ཆུའི་ཐོན་ཁུངས་དོ་དམ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་སོགས་ཀྱི་ལས་དོན་རྫོང་དང་ཆུས་ཁག་གི་སྲིད་གཞུང་གི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ནང་དུ་བཅུག་ནས། 2022ལོར་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན། ས་ཆུ་སྲུང་འཛིན་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་དཔྱད་ཞིབ་བྱས་ནས་ཚད་མཐོའི་སྐུལ་འདེད་ཏན་ཏིག་བཏང་ཡོད” ཅེས་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཡུང་གིས་ངོ་སྤྲོད་བྱས།

 བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་གཙོ་གནད་ཁྱབ་ཁོངས་སུ་ཆུ་གྲོན་ཆུང་བྱས་པར་ཕན་འབྲས་རགས་ཙམ་ཐོན་པ།

 ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ལྗོངས་ཡོངས་ཀྱི་སྔོན་ལ་ཆུ་བེད་ལས་རིགས་ཀྱི་ཆུ་གྲོན་ཆུང་ལས་ཁུངས་འཛུགས་སྐྱོང་ལེགས་སྒྲུབ་བྱས་ཏེ་སྣང་རྫོང་དང་། ཀོང་པོ་རྒྱ་མདའ་རྫོང་། སྨན་གླིང་རྫོང་བཅས་རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཀྱི་དམིགས་ཚད་འཛུགས་སྐྱོང་ལེགས་སྒྲུབ་བྱས་པ་མ་ཟད། རང་སྐྱོང་ལྗོངས་རིམ་པ་དང་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་པ་དང་། མེ་ཏོག་རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཀྱི་དམིགས་ཚད་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བ། ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཆུ་བེད་ལས་རིགས་མིན་པའི་ཆུ་གྲོན་ཆུང་ལས་ཁུངས་སུ་བཏོད་པ། ཆུ་གྲོན་ཆུང་གི་བྱ་སྤྱོད་ཁེ་ལས་སུ་སྤེལ་བའི་བྱེད་སྒོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

 དེ་དང་ཆབས་ཅིག་ཆུ་གྲོན་ཆུང་སྔོན་ལ་བྱེད་པའི་རྩ་དོན་དང་ལེན་ཧུར་ཐག་བྱ་ཆེད། ཆུ་བེད་དང་། ཞིང་ལས་དང་གྲོང་གསེབ། ཚན་རྩལ་སོགས་ཚན་པས་ཡུལ་བབ་དང་བསྟུན་ནས་ཕན་འབྲས་ཆེ་བའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་གཏོང་རྣམ་གྲངས་འཕེལ་རྒྱས་བཏང་བ་བརྒྱུད། སྔ་རྗེས་སུ་སྣང་རྫོང་སྣང་གྲོང་རྡལ་གྱི་ཞིང་ཆུ་འདྲེན་ཁུལ་དང་། ཆུ་བྱང་ཞིང་ཆུ་འདྲེན་ཁུལ། སྨན་གླིང་རྫོང་གི་རྒྱལ་གོག་ཞིང་ཆུ་འདྲེན་ཁུལ། བྲག་ཡིབ་ཆུས་ཀྱི་སྨན་རི་ཞིང་ཆུ་འདྲེན་ཁུལ་སོགས་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁུལ་7བསྐྲུན་པ་དང་ཆབས་ཅིག ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“ཆུ་ལུད་གཞི་གཅིག་ཅན”གྱི་སྤྱོད་གོ་ཆེ་བའི་ཆུ་གྲོན་ཆུང་གི་དེང་རབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བཅའ་གནས་གྲོང་ཚོ་དང་། སྨན་གླིང་རྫོང་གཏམ་སྙན་ཤང་སྲང་པ་གྲོང་ཚོ། ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོན་ཚོ། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ལ་སྟེང་གྲོང་ཚོ་སོགས་དེང་རབས་ཅན་དང་ཚད་གཞི་ཅན་གྱི“ཆུ་ལུད་གཞི་གཅིག་ཅན”གྱི་ཚན་རྩལ་དཔེ་སྟོན་ས་ཚིགས་གསར་པ་4བསྐྲུན་ནས་ཆུ་གྲོན་ཆུང་ཐུབ་ཚད་80%ཡན་ཟིན་ཡོད། སྣང་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཀྱི་དམིགས་ཚད་འཛུགས་སྐྱོང་ལ་བརྟེན་ནས་མིག་སྔར་ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་2དང་ཆུ་གྲོན་ཆུང་རྣམ་པའི་ཞིང་ཆུ་འདྲེན་ཁུལ་7བསྐྲུན་ཡོད།

 དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་དམངས་ཡོངས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ།

 ཉིང་ཁྲི་གྲོང་ཁྱེར་གྱིས“འཛམ་གླིང་གི་ཆུའི་ཉིན་མོ”དང་། “ཀྲུང་གོའི་ཆུའི་གཟའ་འཁོར”“འཛམ་གླིང་གི་ཁོར་ཡུག་ཉིན་མོ”སོགས་གང་ལེགས་སྤྱད་དེ་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་ནས་སྤྱི་ཚོགས་ལས་རིགས་ཁག་ལ་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་དང་། ས་འོག་གི་ཆུ་ལ་གཅེས་འཛིན། ཆུ་བོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་པའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཆུ་གྲོན་ཆུང་གི་སློབ་གསོའི་སྤྱི་ཚོགས་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ། ཆུ་གྲོན་ཆུང་གི་སློབ་གསོ་དང་དྲིལ་བསྒྲགས་ལས་ཀར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐབས་ལམ་སྣ་མང་དང་ལས་སྟེགས་མང་པོ་སྤྱད་དེ་ཆུ་གྲོན་ཆུང་བྱེད་དགོས་པའི་དྲིལ་བསྒྲགས་བཅས་བྱས་ཡོད། 2022ལོར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་རིན་ཐང་སྒོར་ཁྲི་1.2རི་བའི་དྲིལ་བསྒྲགས་མཁོ་ཆས་དང་དྲིལ་བསྒྲགས་དཔྱད་ཡིག་5000ལྷག་ཙམ་སྤྲད་པར་མང་ཚོགས་2000ལྷག་ཙམ་དང་། དགེ་སློབ་400ལྷག་ཙམ། ཆུ་སྤྱོད་མཁན་ཁེ་ལས་20ལྷག་ཙམ་བཅས་ལ་ཕན་པ་ཐོབ་ཡོད།

 དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་བརྒྱུད་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་གསོ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་རེད། 2022ལོར་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། ས་ཆུ་སྲུང་འཛིན། ཆུ་གྲོན་ཆུང་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སུ་བསྐྱོད་ནས། “ཉིང་ཁྲིའི་གཙང་པོ་དང་། ཆུ་བོ། བྱེ་མ་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཆུ་དཔོན་དང་མཚོ་དཔོན་ལས་དོན་གྱི་འགན་འཁྲི་སྒྲུབ་པ་དང་གྱོད་དཔེ་དབྱེ་ཞིབ”ཀྱི་ཆེད་དོན་སློབ་ཁྲིད་བྱས་པར་མི་ཐེངས་500ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1