ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་གྱིས་སྐད་གྲགས་བཞག་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-15


        2022ལོ་ནས2023ལོའི་བར་གྱི་གངས་ཤུད་རི་འཛེག་གཞོན་ནུའི་འཛམ་གླིང་བུམ་པའི་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་ཐོག་མ་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་ཨར་པི་སི་རི་བོའི་ཁེ་ལེ་ཝ་ཁོར་གངས་ཤུད་ར་བར་འགོ་ཚུགས་ཤིང་། འགྲན་བསྡུར་གྱི་ཉིན་དང་པོར་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་གཉིས་དང་། དངུལ་གྱི་རྟགས་མ་གཅིག ཟངས་ཀྱི་རྟགས་མ་གཅིག་བཅས་ཐོབ།

ཀྲུང་གོའི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན(གཡོན)གྱིས་འགྲན་བསྡུར་བྱེད་བཞིན་པ།

        ཐེངས་འདིའི་འགྲན་བསྡུར་གྱི་དུས་ཚོད་ཉིན་གཉིས་ཡིན་ཞིང་། ཀྲུང་གོ་དང་། ཨན་ཏོར། ཨོ་སི་ཁྲུ་རི་ཡ། སུའེ་ཙེར། ཧྥ་རན་སི་སོགས་རྒྱལ་ཁབ་དང་ས་ཁུལ12ཀྱི་འཛམ་གླིང་གི་ལུས་རྩལ་པ་རྩེ་གྲ120འགྲན་བསྡུར་ནང་ཞུགས་ཡོད་པ་དང་། དེའི་ཁྲོད་ཀྲུང་གོའི་རུ་ཁག་གི་ལུས་རྩལ་པ12ཡོད་པ་རེད།

        ཚེས11ཉིན་གྱི་མི་སྒེར་གྱི་ཕྱི་རོལ་རྣམ་གྲངས་འགྲན་བསྡུར་གྱི་ཚོགས་ཆུངU18ཁྲོད་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། ཚོགས་ཆུངU16ཁྲོད་ཀུན་བཟང་རྣམ་རྒྱལ་དང་དངོས་གྲུབ་ཚེ་རིང་ལ་སྐྱེས་པའི་ཚོགས་ཆུང་གི་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ་སོ་སོར་ཐོབ་པ། གནམ་གང་བུ་ཁྲིད་ལ་བུད་མེད་ཚོགས་ཆུང་གི་ཨང་གཉིས་པ་ཐོབ་ཡོད་པ་རེད།

བུད་མེད་ཀྱི་ཚོགས་ཆུངU18དང་། སྐྱེས་པའི་ཚོགས་ཆུངU16དང་། བུད་མེད་ཀྱི་ཚོགས་ཆུངU16བཅས་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་ཡུལ།

        ཚེ་བརྟན་གཡུ་སྒྲོན་གྱིས། འདི་ནི་ང་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན་པས་དགའ་ཚོར་ཆེན་པོ་འདུག་ལ་དངངས་སྐྲག་ཀྱང་ཅུང་ཟད་སྐྱེས་ཀྱི་འདུག མེས་རྒྱལ་གྱིས་རང་ཉིད་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། སླད་ཕྱིན་ངས་མུ་མཐུད་སྦྱོང་བརྡར་ཧུར་ཐག་བྱས་ནས་རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།གཞན་ཡང་ཚོགས་ཆུངU20ཡི་ཁྲོད་བསོད་ནམས་ཆོས་སྒྲོན་ལ་ཨང་བཞི་པ་ཐོབ་པ་དང་། གཡུ་སྒྲོན་ལྷ་མོ་དང་མའོ་ཧྲེང་མེ་ལ་ཨང་ལྔ་པ་དང་ཨང་བདུན་པ་ཐོབ།

ཀྲུང་གོའི་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན(གཡོན)གྱིས་འགྲན་བསྡུར་བྱེད་བཞིན་པ།

        གངས་ཤུར་རི་འཛེག་ནི2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་གསར་པ་ཞིག་ཡིན་པ་དང་། ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་རྣམ་གྲངས་འདིའི་འགྲན་བསྡུར་གྱི་གྲ་སྒྲིག་བྱེད་འགོ་ཚུགས་པར་མ་ཟད། རྒྱལ་ཡོངས་ནས་ལུས་རྩལ་པ་འདེམ་སྒྲུག་ཀྱང་བྱས་ཤིང་། ལུས་ཤུགས་ཚད་ལེན་དང་། ཆེད་དོན་འདེམ་སྒྲུག གངས་ཐོག་རྩལ་ནུས་སྦྱོང་བརྡར། འདེམ་སྒྲུག་འགྲན་བསྡུར་བཅས་བྱས་པ་བརྒྱུད། ན་ནིང་ཟླ11པར་ལུས་རྩལ་རུ་ཁག་དེ་ཡོ་རོབ་ཏུ་སྦྱོང་བརྡར་དང་འགྲན་བསྡུར་ནང་ཞུགས་པར་བསྐྱོད་འགོ་ཚུགས་ཡོད།

        ཚེས12ཉིན་ཀྲུང་གོའི་རུ་ཁག་ད་དུང་དྲང་འཕྱང་འགྲོས་ཚད་འགྲན་བསྡུར་ནང་ཞུགས་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1