མི་རིགས་བསྐྱར་དར་ཡོང་དགོས་ན་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངར་ཤུགས་གཅིག་སྒྲིལ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ལྟེ་བར་འཛིན་པའི་ཞིང་གསུམ་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། མིག་སྔར་ས་གནས་ཁག་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ལ་བདེ་འཇགས་ངང་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཅང་ཞི་ཞིང་ཆེན་ནན་ཁྲང་རྫོང་གི་ཚད་གཞི་མཐོ་བའི་ས་ཞིང་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ། ཚ་ཚ་འུར་འུར་གྱི་ལས་ལ་བྲེལ་བཞིན་ཡོད། ནན་ཁྲང་རྫོང་སན་ཅང་གྲོང་རྡལ་ཞིང་ལས་དང་གྲོང་གསེབ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་པིང་ཧྭ་ཡིས། འདི་ལོའི་དཔྱིད་རྨོད་མ་བྱས་གོང་། ང་ཚོས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་4000སྒྱུར་བཀོད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་། བེད་སྤྱོད་བྱས་རྗེས་མུའུ་རེ་ནས་ཐོན་ཚད་10%ཙམ་འཕར་བཟོ་ཡོད། ང་ཚོས་ཀྱང་ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་དང་འཕྲུལ་ཆས་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་བཏང་སྟེ། ཞིང་པར་ཐོན་འཕར་དང་འབབ་འཕར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
ཤར་རྒྱུད་ཀྱི་མཚོ་འགྲམ་ས་ཁུལ་ནས་ནུབ་བྱང་གི་ས་མཐོའི་བར་དང་། ཧྭ་བྱང་བདེ་ཐང་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་ཁུལ་བར་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་བཞིན་ཡོད། ཚད་གཞི་མཐོ་བའི་ཞིང་ཁར་ཐོན་འབབ་དགོས་པ་ཕུད། ས་གནས་ཁག་གིས་ད་དུང་ཀྲུང་གོའི་ས་བོན་རང་ཉིད་ཀྱི་ལག་ཏུ་བརྟན་པོར་ཉར་རྒྱུ་དང་། ཀྲུང་གོའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་རྒྱུ་ཡིན་པ་རེད། ཧྲན་ཏུང་དུ། ལོ་ཏོག་གཙོ་བོའི་སོན་བཟང་ཁྱབ་ཚད་98%ཡན་ཟིན་པ་དང་སོན་བཟང་གིས་འབྲུ་རིགས་ཐོན་འཕར་ལ་ལེགས་སྐྱེས་འབུལ་ཚད་47%ཟིན་ཡོད། འདི་ལོ་ཧྲན་ཏུང་ཞིང་ཆེན་གྱིས་ད་དུང་སོན་ཁུངས་ཀྱི“དཀའ་གནད”ལག་རྩལ་འགག་གཏོར་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཧྲན་ཏུང་ཞིང་ཆེན་གྱི་ས་བོན་དོ་དམ་སྤྱི་ཁྱབ་ས་ཚིགས་ཀྱི་ཞིབ་འཇུག་པ་ཀའོ་ཁྲོན་ཅེ་ཡིས། སོན་རྒྱུའི་ཐོན་ཁུངས་ནས་སོན་གསོའི་བར་དང་། དེ་ནས་སོན་གྱི་སྣ་རིགས་འགྲེམས་སྟོན་དང་གདེང་འཇོག ཁྱབ་གདལ། བེད་སྤྱོད་བཅས་ཀྱི་བར་ཞིང་ལས་ཐོན་སྐྱེད་ལ་མཛུབ་ཁྲིད་དང་སོན་རྒྱུའི་སྣ་རིགས་ཐད་དམིགས་སའི་རང་བཞིན་དེ་བས་ཆེ་བ་ལྡན་ཡོད། དེའི་དམིགས་ཡུལ་ནི་སོན་ལས་ཞིང་ཆེན་ཆེ་བ་ནས་སོན་ལས་ཞིང་ཆེན་སྟོབས་ཆེན་གྱི་ཕྱོགས་སུ་བསྐྱོད་ཆེད་ཡིན་ཞེས་བཤད་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་པེ་ཅིང་ནས་ཞལ་གྱེས་ཏེ་རྟོག་ཞིབ་གནང་ཡུལ་དང་པོ་དེ་ཧྲའན་ཞི་ཡན་ཨན་དུ་ཕེབས་ནས། ས་གནས་དེའི་གྲོང་གསེབ་དར་རྒྱས་སྐོར་ལ་གཟིགས་ཞིབ་གནང་ཡོད། ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་ཚོར། སྤྱི་ཁྱབ་ཧྲུའུ་ཅིས་ཀུ་ཤུའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་དུས་དང་མཐུན་ལ་མི་སེམས་མཐུན་པ་ཞིག་རེད། དེ་ནི་ཐོན་ལས་ཡག་ཤོས་དང་འཚམ་ཤོས་ཤིག་ཡིན་པས་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཅེས་གསུངས་གནང་ཡོད། ན་ནིང་ནན་ཀོའུ་གྲོང་ཚོས་ཀུ་ཤུ་མུའུ་3100ལྷག་ཙམ་བཏབ་པ་དང་ཐོན་རྫས་དག་གྲོང་ཁྱེར་40ལྷག་ཙམ་ལ་བྲིན་ཚོང་བྱས་ཡོད། ཉིན་ཤས་རིང་། ཡན་ཨན་གྲོང་ཁྱེར་ཤིང་འབྲས་ལས་རིགས་ལྟེ་གནས་ཀྱི་རིགས་གཅིག་མཁས་པ་ནན་ཀོའུ་གྲོང་ཚོའི་ཤིང་འབྲས་ལྡུམ་རར་ཕེབས་ནས། ཤིང་འབྲས་འདེབས་མཁན་ཞིང་པ་དང་ཉམས་མྱོང་སྤེལ་རེས་བྱས་ཡོད། ནན་ཀོའུ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཀྲང་ཀོང་ཧུང་གིས། འོས་ཤིང་འཚམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྙེད་པ་ནས་བཟུང་། ཡུལ་མི་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཡོད་ཅེས་བཤད་ཡོད་པ་རེད།
ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་གལ་ཆེན་ཡིན། ཁྱད་ལྡན་ཐོན་རྫས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་བ་དང་ཆབས་ཅིག་ས་གནས་ཁག་གིས་ད་དུང་སྣེ་འདྲེན་སྟོབས་ཆེར་གཏོང་བ་དང་། འབྲེལ་ཐག་གསབ་པ། ལས་རྣམ་གསར་པ་བཏོད་པ། སྤུས་རྟགས་གཏོད་པ་བཅས་བྱས་པ་བརྒྱུད། གྲོང་གསེབ་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོ་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཧོ་ནན་ཞིང་ཆེན་གྱིས་བཟང་ཆའི་ཁྱད་ལྡན་ཞིང་ལས་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱས་ཤིང་། མིག་སྔར་རྒྱལ་ཁབ་རིམ་པའི་བཟང་ཆའི་ཁྱད་ལྡན་ཐོན་ལས་ཚོགས་པ6དང་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་80སྐྲུན་ཡོད་པ་རེད།
ཧོ་ནན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་སུན་ཝུའེ་ཧྥེང་གིས། ཞིང་ལས་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས། རྫོང་གཅིག་ལ་ལས་རིགས་གཅིག་དང་། གྲོང་རྡལ་གཅིག་ལ་དམིགས་བསལ་གཅིག གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་བཅས་ཀྱི་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་རྣམ་པ་བཏོད་དེ། བཟང་ཆའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་གིས་57.8%ཟིན་ཡོད་ཅེས་བཤད་ཡོད་པ་རེད།
གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། འདི་ལོ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡོང་ཚད་དང་། སྤྱི་པའི་ཞབས་ཞུ་སྟབས་བདེ་ཡོང་ཚད་དང་མི་འཚོ་སྡོད་ཁོར་ཡུག་སྐྱིད་སྣང་དོད་ཚད་བཅས་མཐོ་རུ་གཏོང་རྒྱུར་དམིགས་ཏེ། རང་རྒྱལ་གྱིས་ད་དུང་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ཀྱི་ཆེད་དོན་སྐུལ་འདེད་ཇུས་གཞི་ཁག་ཞིབ་ཕྲ་བཟོས་ནས། རིགས་ཁག་གི་རྣམ་གྲངས་མཐུན་སྦྱོར་བཀོད་སྒྲིག་དང་། གཅིག་སྡུད་འཛུགས་སྐྲུན། གྲོང་ཚོ་རེ་རེ་བཞིན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཞིང་ལས་གྲོང་གསེབ་པུའི་གྲོང་གསེབ་སྤྱི་ཚོགས་བྱ་གཞག་སྐུལ་འདེད་སིའི་སི་ཀྲང་གཞོན་པ་ཧོ་པིན་གྱིས། འདི་ལོ་ང་ཚོས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་གྱི་དཔེ་སྟོན་འཛུགས་སྐྱོང་འཚོལ་ཞིབ་དང་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
གྲོང་གསེབ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཞིག་རེད། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཐང་རེན་ཅན་གྱིས། འདི་ལོའི་ཞིང་གསུམ་ལས་དོན་གྱིས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཞེས་པ་འགག་རྩར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་ཞིང་གསུམ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།