༄༅། །གྲོང་ཁྱེར་སྡོད་དམངས་ཀྱིས་ཞིང་སྡེའི་ཁང་ས་ཉོས་ཆོག་གམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-15



        སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་ཨང02954པའི(ཞིང་ལས་དང་ཆུ་བེད་རིགས་ཀྱི་ཨང245པ)སྐོར་གྱི་བཀའ་ལན་སྙིང་བསྡུས།

        ཨུ་ཡོན་ཀྲང་ཀའེ་ཕིང་གིས། ཁྱེད་ཀྱིས་བཏོན་པའི་ཁང་ས་རིན་ཡོད་པའི་སྒོ་ནས་བཅོས་བསྒྱུར་ལས་ཕྱིར་འཐེན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བསྩོལ་བའི་སྐོར་གྱི་གྲོས་གཞི་དེར། རང་བྱུང་ཐོན་ཁུངས་པུའུ་དང་གྲོས་བསྡུར་བྱས་པ་བརྒྱུད། ལན་བཏབ་པ་གཤམ་གསལ་ལྟར།

        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་ལ་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད། 2020ལོའི་ཟླ6པར། ཀྲུང་དབྱང་ཕྱོགས་ཡོངས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང《ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཚོད་ལྟའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུས་ཡོད)ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། 2020ལོའི་ཟླ9པ་ནས་བཟུང་སྟེ། རྒྱལ་ཡོངས་ཀྱི་རྫོང104(གྲོང་ཁྱེར་དང་ཆུའུ)དང་ས་ཁུལ་རིམ་པའི་གྲོང་ཁྱེར3གྱིས་ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་རེས་གསར་པ་ཚོད་ལྟ་བྱེད་མགོ་བརྩམས།

གཅིག ཁང་ས་ཁྲིམས་ལྟར་རང་འཐད་ངང་རིན་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱེད་པའི་སྐོར་ནས།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》ནང་གཏན་འཁེལ་བྱས་པ་སྟེ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་སྡེའི་སྡེ་མིས་ཁྲིམས་ལྟར་རང་འཐད་ངང་རིན་ཡོད་པའི་སྒོ་ནས་ཁང་ས་ཕྱིར་འཐེན་བྱེད་ཆོག་ལ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་བེད་མེད་དུ་བསྐྱུར་བའི་ཁང་ས་དང་ཁང་སྟོང་གང་འགབ་ཅི་སྤྱོད་བྱེད་པར་སྐུལ་མ་གནང་དགོས།《ཇུས་གཞི》ཡིས་ཁང་ས་རང་འཐད་ངང་རིན་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱེད་པའི་ནང་རྐྱེན་འཚོལ་ཞིབ་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་འཇོག་རྒྱུ་རེད། ཁང་སའི་གནད་དོན་དེ་ཞིང་པའི་ཁེ་ཕན་དངོས་དང་ཞིང་སྡེའི་སྤྱི་ཚོགས་བརྟན་བརླིང་དང་འབྲེལ་བ་ཡོད་པར་གཞིགས་ཏེ། ངེད་རང་བྱུང་ཐོན་ཁུངས་པུའུ་ཡིས་ས་གནས་སོ་སོར་ཉམས་མྱོང་སྤྱི་སྡོམ་བྱེད་པར་མཛུབ་ཁྲིད་བྱས་པའི་རྨང་གཞིའི་སྟེང་། ཡུལ་བབ་དང་བསྟུན་ནས་ཁང་ས་རང་འཐད་ངང་རིན་ཡོད་པའི་སྒོ་ནས་ཕྱིར་འཐེན་པའི་ནང་རྐྱེན་འཚོལ་ཞིབ་ལ་སྐུལ་སྤེལ་བྱ་རྒྱུ་ཡིན།


གཉིས། རིན་ཡོད་པའི་སྒོ་ནས་ཁང་ས་བེད་སྤྱོད་པའི་སྐོར་ནས།

        རང་རྒྱལ་གྱི་ད་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འཁེལ་ལྟར་ན། ཁང་ས་ནི་རང་ཞིང་པ་ཐུན་མོང་གི་ཁོངས་མི་སྤྱི་ཡོངས་ལ་དབང་བས། ཞིང་ཁྱིམ་ལ་ཁྲིམས་ལྟར་ཁང་ས་བེད་སྤྱོད་པའི་དབང་ཆ་ཡོད་ལ། འབྲེལ་ཡོད་ཀྱི་གཏན་འཁེལ་གཞིར་བཟུང་སྟེ་རང་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ནང་ཁུལ་ནས་བཤུག་སྤྲོད་བྱས་ཆོག་མོད། འོན་ཀྱང་གྲོང་ཁྱེར་སྡོད་དམངས་ཀྱིས་ཞིང་སྡེ་རུ་ཁང་ས་ཉོ་བ་གཏན་འགོག་བྱེད་དགོས། ཞིང་པའི་སྡོད་ཁང་གྲོང་ཁྱེར་སྡོད་དམངས་ལ་བཙོང་མི་ཆོག་ལ། གྲོང་ཁྱེར་སྡོད་དམངས་ཀྱིས་ཞིང་པའི་ཐུན་མོང་ས་ཞིང་སྟེང་སྡོད་ཁང་ལས་པར་ཆོག་མཆན་འགོད་མི་རུང་། ཁྲིམས་འགལ་ངང་ལས་པའམ་ཉོས་པའི་སྡོད་ཁང་ལ་འབྲེལ་ཡོད་སྡེ་ཁག་གིས་ས་ཞིང་བེད་སྤྱོད་འཛིན་ཡིག་དང་ཁང་བདག་འཛིན་ཡིག་བྱིན་མི་ཆོག ཉེ་བའི་ལོ་འགའི་རིང་ལ། རིགས་སོ་སོའི་འཇོན་མི་ཕྱིར་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཡོང་ནས། གྲོང་གསེབ་ཀྱི་འཕེལ་རྒྱས་གསོན་ཤུགས་ལ་སྐུལ་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་ཆེད། འབྲེལ་ཡོད་སྡེ་ཁག་གིས་དོ་དམ་ཚད་ལྡན་བྱས་པའི་རྨང་གཞིའི་སྟེང་འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་བཏོན། ཚོད་ལྟ་བྱེད་གནས་ཀྱིས་བེད་མེད་དུ་བསྐྱུར་བའི་ཁང་ས་དང་ཞིང་པའི་ཁང་ཁྱིམ་གླ་བ་སོགས་ཀྱི་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་བརྒྱུད་དེ། ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཡོང་བའི་མི་སྣའི་ཞིང་སྡེའི་འདུག་གནས་དང་ལས་སྐྲུན་གྱི་དགོས་མཁོ་བསྐང་པ་དང་།  གཞན་ད་དུང་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཞིང་པའི་ཁང་ཁྱིམ་དེ་མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་དུ་བཞག་སྟེ་རྒྱུན་འཛིན་བྱས་ཆོག་ལ། འབྲེལ་ཡོད་མི་སྣས་རྒྱུན་འཛིན་གྱི་བྱེད་ཐབས་བརྒྱུད་ནས་ཁང་པའི་བདག་དབང་ཐོབ་ན་ཁྲིམས་ལྟར་ཁང་ས་བདག་འཛིན་དང་བེད་སྤྱོད་བྱས་ཆོག

གསུམ། ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བྱེད་ཡུལ་ཁྲོམ་རར་འདོན་པའི་སྐོར་ནས།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》ནང་གསལ་པོར་བསྟན་ཡོད་པ་སྟེ། ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ནང་བཟོ་ལས་དང་ཚོང་ལས་སོགས་གཉེར་སྐྱོང་རང་བཞིན་གྱི་སྤྱོད་སྒོར་ངེས་གཏན་བྱས་ཡོད་པར་མ་ཟད། ཁྲིམས་ལྟར་ཐོ་འགོད་བྱས་པའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བྱེད་ཡུལ་དེ། ས་བདག་གིས་ཕྱིར་སྤྲོད་དང་ཕྱིར་གླ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་ཁུངས་དང་མི་སྒེར་ལ་བེད་སྤྱོད་བྱེད་དུ་བཅུག་ཆོག ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔར་འགྲེམ་བྱས་པའི《གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》ནང་གཏན་འཁེལ་བྱས་དོན། སྡེ་བ་ཐུན་མོང་གིས་ཞིང་པ་རང་འཐད་ཡིན་པའི་སྔོན་འགྲོའི་འོག ཁྲིམས་ལྟར་རིན་ཡོད་པའི་སྒོ་ནས་བེད་མེད་དུ་བསྐྱུར་བའི་ཁང་ས་དང་རང་དགར་བསྐྱུར་བའི་ཐུན་མོང་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་བྱེད་ཡུལ་དེ་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བྱེད་ཡུལ་དུ་བསྒྱུར་ནས་ཁྲོམ་རར་བཏོན་ཆོག་ལ། ཁང་ས་དང་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བྱེད་ཡུལ་བཅོས་བསྒྱུར་མཉམ་འགུལ་ནང་རྐྱེན་གསར་གཏོད་བྱེད་པར་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས་ཡོད།

        རྗེས་ཕྱོགས། ངེད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ། བརྟན་བརླིང་དང་གཟབ་ནན་ངང་ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་སྤེལ་བྱ་རྒྱུ་ཡིན་ལ། བེད་མེད་དུ་བསྐྱུར་བའི་ཁང་ས་དང་རང་དགར་བསྐྱུར་བའི་ཞིང་པའི་ཁང་སྟོང་ཧུར་ཐག་བརྟན་བརླིང་གི་སྒོ་ནས་གོ་ཆོད་པར་བེད་སྤྱོད་བྱ་རྒྱུ་དང་། མ་དངུལ་དང་ལག་རྩལ། འཇོན་མི་སོགས་ཀྱི་རྒྱུ་རྐྱེན་ཞིང་སྡེར་ནང་འདྲེན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པར་ནུས་པ་དང་སྒུལ་ཤུགས་སྩོལ་རྒྱུ་ཡིན། དེ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ཞིང་སྡེའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་བྱེད་ཡུལ་ཁྲོམ་རར་འདོན་པར་སྐུལ་སྤེལ་བྱ་རྒྱུ་ཡིན།

        ཁྱེད་ཅག་གིས་ངེད་སྡེ་ཁག་གི་བྱ་བར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ། ད་དུང་མུ་མཐུད་ནས་ཞིང་གསུམ་བྱ་བའི་སྐོར་ལ་རྒྱབ་སྐྱོར་གནང་རྒྱུ་མཁྱེན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1