འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་ཁུངས་གལ་ཆེན་ཞིག་ཡིན་པའི་ཆ་ནས་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་པ་དང་། རི་ཆུ་ནགས་གསུམ་ལས་གྲུབ་པའི་མཛེས་ལྗོངས་ལྟ་ན་སྡུག་པ་གང་སར་མཐོང་རྒྱུ་ཡོད། ད་སྐབས་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་སོགས་རིམ་བཞིན་སྔོ་མདངས་ཆགས་ཀྱང་མེ་ཟོན་ལས་དོན་ཡག་པོར་བསྒྲུབ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པའི་གནས་སུ་གྱུར་ཡོད།
མེ་ཟོན་ཉེན་མེད་དྲ་བ་མུ་མཐུད་བསྐྲུན་ནས་ཤུགས་ཡོད་རྒུས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། རང་ཁུལ་གྱིས་ཉིན་ཤས་བསྟུད་མར་གཙོ་གནད་དོགས་ཟོན་དང་།གནད་འཁེལ་འགོག་ཟོན།ཐབས་ཤེས་ནུས་ལྡན་བཅས་ཀྱི་སྤྱིའི་ཐབས་ཇུས་དོན་ཐོག་འཁྱོལ་ཏེ་རྟག་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་དང་ཉེན་མེད་ཨང་དང་པོར་འཇོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཅངས་ནས་ཁྱོན་ཡོངས་ནས་མེ་ཟོན་གྱི་འགན་འཁྲི་ནན་དུ་བཏང་སྟེ་རང་ཁུལ་གྱི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཤིང་། དེ་ནི་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགག་རྩ་ལྟ་བུ་ཡིན།
ཁུལ་རིམ་པའི་མགོ་ཁྲིད18ཀྱིས་རྫོང་ལ་འགན་གཙང་ལེན་དང་། རྫོང་རིམ་པའི་མགོ་ཁྲིད289ཡིས་ཡུལ་ཤོག་ལ་འགན་གཙང་ལེན། ཡུལ་ཤོག་གི་ལས་བྱེད་པ2245ཡིས་གྲོང་སྡེར་འགན་གཙང་ལེན། གྲོང་སྡེའི་ལས་བྱེད་པ18422ཀྱིས་དུད་ཚང་ལ་འགན་གཙང་བླངས་པའི་ལས་དོན་སྤེལ་ནས་རང་ཁུལ་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགན་འཁྲི་སྒྲུབ་ནུས་ལྡན་པའི་ལམ་བུ་བཏོད་ཡོད།
ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གལ་ཆེན་ཡིན་པས་རང་ཁུལ་གྱིས་བྱེད་ཐབས་སྣ་མང་གིས་ཚན་རིག་དང་མཐུན་པའི་ཇུས་བཀོད་དེ་ཕན་འབྲས་ཆེ་བའི་བཀོད་སྒྲིག་གང་ལེགས་བྱས་ཡོད།
འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་། ལས་དོན་ཁག་ཆད་ལྷག་མེད་པར་བྱ་ཆེད། རང་ཁུལ་གྱིས་རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་དང་།རིམ་པ་རེ་རེ་བཞིན་དོན་འཁྱོལ། ཤུགས་ཡོད་རྒུས་མཐའ་འབྲས་ཐོན་པ་བཅས་ཀྱི་ལས་ཀའི་བྱེད་ཐབས་ཤིག་བཙུགས་ནས་འགན་འཁྲིའི་ལས་དོན་དེ་ལས་ཚན་ཆེས་ཆུང་ངུར་དོན་འཁྱོལ་བྱ་རྒྱུར་བསྐུལ་ནས་ལས་རིགས་ཁག་ལ་ལས་འགན་དང་མི་ཚང་མར་འོས་འགན་ཡོད་པ་བྱས་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་གཏོང་རོགས་བྱས་ཡོད།
གྲུབ་རྐྱེན་འཛོམས་པའི་བབ་བསྟུན་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་དང་།ནུས་པ་ཐོན་ཐུབ་པའི་ཆེད། རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་བརྟན་དུ་བཏང་ཡོད། ཕྱོགས་གཅིག་ནས་ལས་རེས་ལས་སྒྲུབ་དང་།བརྙན་ལམ་བཀོད་གཏོང་།དངོས་འཐབ་ནང་སྦྱོང་།འགན་འཁྲི་དང་ཕན་འབྲས་འདྲི་རྩད་སོགས་མེ་ཉེན་ཆེ་བའི་དུས་ཀྱི་ལས་ཀའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་རིམ་ཁག་བཀོད་འདོམས་བདེ་བླག་དང་ཐག་གཅོད་ནུས་ལྡན་ཡོང་བར་འགན་ལེན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཅ་ལག་ཡོ་ཆས་སོགས་གྲ་སྒྲིག་བྱས་ནས་འགོག་ཟོན་མ་ལག་བསྐྲུན་པ་དང་ཆབས་ཅིག་འཚུབ་བསྟུན་རོགས་སྐྱོབ་དངོས་ཟོག་གྲ་སྒྲིག་གང་ལེགས་བྱས་ཡོད།
ལས་རིམ་ཧྲིལ་པོར་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱས་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་ཆེད།རང་ཁུལ་གྱིས་མི་ཆོག་པ་བཞི་དང་ཐད་ཀ་གཉིས་ཀྱི་བྱེད་ཐབས་སྤྱད་དེ་འཐབ་ཕྱོགས་དང་པོར་བསྐྱོད་ནས་འགན་འཁྲི་དོན་འཁྱོལ་དང་། ཕྱི་རོལ་གྱི་མེ་སྐྱོན་འབྱུང་ཁུངས་དོ་དམ། མེ་ཟོན་སྐོར་གཡེང་དང་དྲིལ་བསྒྲགས་སློབ་གསོ། འཚུབ་བསྟུན་ལས་རེས་སོགས་ཀྱི་གནས་ཚུལ་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། གཞན་ཡང་ཆད་གཅོད་ཡང་ཡང་བྱས་ཀྱང་ཡོ་བསྲང་མི་བྱེད་པ་དང་། བཀག་སྡོམ་ཡང་ཡང་བྱས་ཀྱང་མཚམས་མི་ཆོད་པར་ཉེས་ཆད་བཅད་དེ་གྱོད་གཞི་གཅིག་ཞིབ་གཅོད་དང་། གྱོད་གཞི་ཁག་གཅིག་ལ་ཉེན་བརྡ་གཏོང་བ། ཕྱོགས་གཅིག་ལ་སློབ་གསོ་ཐེབས་པ་བཅས་མཐའ་གཅིག་ཏུ་བྱས་ཡོད།
ནགས་ཚལ་ལ་མེ་སྐྱོན་ཤོར་བ་ནི་དོན་ཆུང་ཞིག་མིན་པར། མེ་སྟག་གཅིག་གིས་ནགས་ཚལ་མུའུ་ཁྲི་བརླག་ཐུབ། ཁྱོན་ཡོངས་ནས་གནོན་ཤུགས་ཆུང་གཏོང་དང་མེ་ཟོན་འགན་འཁྲི་ཕུད། རང་ཁུལ་གྱིས་ད་དུང་ཁྱབ་ཁོངས་ཡོངས་ལ་དམིགས་ནས་འགོག་ཟོན་གནད་སྨིན་བྱས་ཤིང་བརྒྱུད་རིམ་ཧྲིལ་པོར་མི་མངོན་པའི་རྐྱེན་ངན་ཚགས་བཤེར་ལ་དམ་འཛིན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
ཁུལ་འཚུབ་བསྟུན་དོ་དམ་ཅུས་མེ་ཟོན་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གནམ་གཤིས་ཆ་རྐྱེན་དང་ནགས་ཁུལ་གྱི་སྐྱེ་དངོས་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ད་སྔར་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་ཆེ་བའི་དུས་སུ་སླེབས་ཡོད་པས་ངེས་པར་དུ་ཇུས་འདོན་གནད་སྨིན་བྱས་ནས་ཏང་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་བླང་བྱ་ནན་པོ་འདོན་པ་དང་རྒྱུན་འཁྱོངས་ལྷོད་མེད་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཡོད།
དེར་བརྟེན། རང་ཁུལ་གྱིས་མེ་ཟོན་ས་ཚུགས1211ལ་དོ་དམ་ཚོད་འཛིན་བྱས་པ་དང་ནགས(རྩྭ)སྲུང་པ20378མང་དུ་བཏང་བ། བསང་གཏོང་ས་ཚུགས3783དང་། དུར་ས51372ལ་དོ་དམ་བྱས་ཡོད། དེ་མིན་རིགས་ལྔ་མི་སྣ3827གྱི་མི་སྒེར་དོ་དམ་སྲུང་སྐྱོང་ལ་ཤུགས་བརྒྱབ་པ་སོགས་ཀྱི་ལས་དོན་སྤེལ་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གནོན་ཤུགས་ཆུང་དུ་བཏང་བར་མ་ཟད། ཁུལ་ཡོངས་ཀྱི་མི་དམངས་ལ་སེམས་ཁྲལ་མེད་པ་བྱས་ཡོད།
རི་སྲུང་བ་དང་མིར་ལྟ་བ། མེ་དོ་དམ་བཅས་བྱེད་པར་མ་ཟད་མེ་ཟོན་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཀྱང་ཡོད་དགོས། སྤྱི་ཟླ་དང་པོའི་ཚེས23ཉིན་དཀར་མཛེས་ཁུལ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ས་ཆ་སྲུང་བ་དང་དུས་བདེ་སྲུང་བ་ཞེས་པས་བརྗོད་དོན་བྱས་པའི་མེ་ཟོན་ཆེད་དོན་བྱ་སྤྱོད་དྲྭ་ཐོག་ནས་ཐད་གཏོང་བྱས་པར་ལྟ་མི་ཁྱོན་མི་ཐེངས་ཁྲི23.4ལ་ཟིན་ཡོད། འདི་ནི་རང་ཁུལ་གྱིས་མེ་འགོག་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པའི་བསྡུས་རིས་ཆེན་པོ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ད་དུང་རྒྱུན་གཏན་གྱི་སློབ་གསོ་དང་།ཉེན་ཟོན་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་ལ་རིམ་གསུམ་ཉེན་མེད་སློབ་གསོ་དོན་འཁྱོལ་བྱ་རྒྱུར་བསྐུལ་ཡོད། ན་སོ་དར་ལ་མ་བབས་པའི་མི་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བར་སློབ་གསོ་དང་ལྟ་སྐུལ་དོ་དམ་བྱས་ནས་དམངས་ཡོངས་ཞུགས་པ་དང་འགན་མཉམ་ཁུར་གྱི་མེ་ཟོན་རང་རྟོགས་འདུ་ཤེས་ཇེ་ཆེར་བཏང་ཡོད།
ཉེ་ཆར། རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མཉམ་འབྲེལ་ཞིབ་བཤེར་ས་ཚུགས་སུ་ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་རླངས་འཁོར་མི་སྣར་ཞིབ་བཤེར་བྱེད་ཀྱི་ཡོད། དེ་ནི་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་ལས་དོན་གྱི་ཁྱད་ཆོས་ཆེ་ཤོས་ཤིག་ཡིན་ལ་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་མངོན་མེད་རྐྱེན་ངན་ཚགས་བཤེར་ལ་དམིགས་པའི་མཚོན་ཚུལ་ཞིག་ཀྱང་ཡིན།
ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མི་ཐོན་པའི་མཐིལ་ཚད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་ཆེད། རང་ཁུལ་གྱིས་བརྒྱུད་རིམ་ཧྲིལ་པོར་མི་མངོན་པའི་རྐྱེན་ངན་ཚགས་བཤེར་ལ་དམ་པོར་དམིགས་པ་དང་།གློག་དང་འབྲེལ་བ་ཡོད་པའི་ཁེ་ལས282ཀྱི་གློག་འདྲེན་གློག་སྒྱུར་སྐུད་ལམ་དང་། གཙོ་གནད་དམིགས་ཚད་ཁག1157 གྲོང་ཁྱེར་དང་གྲོང་རྡལ190དང་དེ་བཞིན་ལྕགས་ལམ་དང་།ནུས་རྒྱུ།གཞུང་ལམ་འཛུགས་སྐྲུན་ཨར་ལས་ལས་ཡུལ་སོགས་ཁྱབ་ཁོངས་གཙོ་གནད་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད།
འགན་འཁྲི་རིམ་པ་བཞིན་ཏན་ཏིག་སྒྲུབ་པ་དང་མངོན་མེད་རྐྱེན་ངན་ཐོན་ཡུལ་རེ་རེ་བཞིན་ཚགས་བཤེར་དང་དཔུང་ཁག་དེ་བས་ཆེད་ལས་སུ་གཏོང་བ་སོགས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་འཕེལ་རིམ་ཁྲོད་དཀར་མཛེས་ཁུལ་གྱི་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད། ཕྱིན་ཆད་ལས་དོན་ཁྲོད་རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་འགན་འཁྲི་དོན་འཁྱོལ་དང་། སྟོབས་ཤུགས་བཀོད་སྒྲིག། བྱ་ཐབས་ལག་བསྟར་བཅས་མུ་མཐུད་ཡག་པོ་བྱ་རྒྱུ་ཡིན་པ་རེད།།