ཉེ་ཆར་འཛད་སྤྱོད་པ་ཞིག་གིས་12315བཀོད་འདོམས་ལྟེ་གནས་སུ་ཞུ་གཏུག་བྱས་ཏེ། ཁོས་རྐང་བ་བཀྲུ་ས་ཞིག་ནས་ཚོགས་མིའི་ཁྲམ་བྱང་ཉོས་ཡོད་ལ། བདག་གཉེར་མཁན་གྱིས་ཁོ་ལ་མ་བཤད་པའི་གནས་ཚུལ་འོག་ཚོགས་མིའི་ཁྲམ་བྱང་གསར་བར་བརྗེས་ནས། ཁོའི་སྔོན་གྱི་ཚོགས་མིའི་ཁྲམ་བྱང་དེ་བཀོལ་སྤྱོད་བྱེད་མི་ཆོག་པར་བཏང་བ་དང་། ཁོས་བདག་གཉེར་མཁན་བཙལ་ནས་གནས་ཚུལ་དྲིས་པ་ན། ཅིག་ཤོས་ཀྱིས་ཁོ་ལ་སྔོན་ཆད་ཀྱི་བདག་གཉེར་མཁན་དེས་ད་ལྟ་ངལ་གསོས་པ་དང་། ཁོ་རང་ནི་གསར་དུ་དེར་ཞུགས་པ་ཡིན་པས། སྔོན་ཆད་ཀྱི་ཚོགས་མིའི་ཁྲམ་བྱང་དེ་ད་ལྟའི་ཀུང་ཟི་དང་འབྲེལ་བ་གང་ཡང་མེད་ཅེས་བཤད་པ་རེད་ཟེར། ཕྱོགས་གཉིས་ཀ་གྲོས་མོལ་མ་ཡོང་བའི་དབང་གིས་འཛད་སྤྱོད་པས་བཟོ་ཚོང་སྡེ་ཁག་གིས་ཁོར་རོགས་བྱེད་དགོས་པའི་རེ་བ་འདོན་གྱིན་ཡོད། བཟོ་ཚོང་སྡེ་ཁག་གིས་རྒྱུས་ལོན་བྱས་པ་ལྟར་ན། རྐང་བ་བཀྲུ་ས་དེའི་སྦྱིན་བདག་བརྗེས་ཟིན་པ་དང་། སྔོན་གྱི་བདག་གཉེར་མཁན་དེས་ངལ་གསོ་བའི་འགྲོ་ལུགས་བསྒྲུབས་རྗེས། ད་ལྟའི་བདག་གཉེར་མཁན་དེ་གསར་དུ་ལས་དེར་ཞུགས་པ་ཞིག་ཡིན་པས། ཕྱོགས་གཉིས་ཀྱི་བར་ལ་བུན་དབང་དང་བུན་བདག་གི་འབྲེལ་བ་གང་ཡང་མེད། དེ་བས་སྔོན་གྱི་བདག་གཉེར་མཁན་དེ་བཙལ་ནས་མ་རྙེད་ན། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཐོབ་དཀའ་བ་རེད།
བཟོ་ཚོང་སྡེ་ཁག་དང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་དྲན་སྐུལ་བྱེད་ཀྱིན་ཡོད་པ་སྟེ། སྒོར་མོ་སྔོན་སྤྲོད་བྱེད་པའི་ཚོགས་མིའི་ཁྲམ་བྱང་གི་འཛད་སྤྱོད་བྱེད་སྐབས་མཉམ་འཇོག་བྱེད་དགོས་པ་དང་སྔོན་ལ་དོགས་ཟོན་བྱ་རྒྱུ་ཧ་ཅང་གལ་ཆེ། གཅིག་ནས་དབྱེ་འབྱེད་ལེགས་པོ་བྱེད་དགོས། འཛད་སྤྱོད་པས་ཡིད་སྟོན་རུང་བ་དང་གཞི་ཁྱོན་ཆེ་བའི་བདག་གཉེར་ཚོང་ཁང་གདམ་གསེས་བྱེད་དགོས། རིན་གོང་དམའ་མོའི་སྒོ་ནས་ཁྲམ་བྱང་སྒྲུབ་པའི་ཚོང་ཁང་ལ་འཛད་སྤྱོད་པས་དོགས་ཟོན་བྱེད་དགོས། གཉིས་ནས་བདེན་དཔང་ཉར་ཚགས་བྱེད་དགོས། ཚོང་ཁང་གི་མི་སེམས་བསླུ་བའི་ཁས་ལེན་དེ་དག་རྒྱུན་དུ་ངག་ཐོག་ཙམ་ཡིན་པ་ལས། འཛད་སྤྱོད་གན་རྒྱའི་སྟེང་དུ་འགོད་མི་སྲིད། དེ་བས་འཛད་སྤྱོད་པ་རྣམས་ངག་ཐོག་གི་ཁས་ལེན་དེ་དག་ལ་ཡིད་ཆེས་མི་རུང་བར། གང་ཐུབ་ཀྱིས་ཡིག་ཐོག་ནས་ཚོང་ཁང་གི་ཁས་ལེན་དེ་དག་གན་རྒྱ་རུ་འགོད་དགོས། གསུམ་ནས་བཙན་བདག་གི་འཁོད་ཚན་ལ་མཉམ་འཇོག་དགོས། བཙན་བདག་གི་དོན་ཚན་ཞེས་པ་ནི་བདག་གཉེར་མཁན་ཁ་ཤས་ཤིག་གིས་རང་ངོས་ནས་བཟོས་པའི་བཅའ་ཁྲིམས་ཀྱི་འོས་འགན་ལ་གཡོལ་བ་དང་རང་སྟེང་གི་འགན་འཁྲི་ཇེ་ཡང་དུ་གཏོང་བའི་དྲང་བཞག་མ་ཡིན་པའི་ཁོད་ཚན་དང་བརྡ་སྦྱོར། གསལ་བརྡ། ཚོམས་ཁང་གི་དྲན་སྐུལ་སོགས་དང་ཡང་ན་ལས་རིགས་ཀྱི་གོམས་གཤིས་སོགས་ཡིན། འཛད་སྤྱོད་པས་ནང་སྒོས་སུ་གན་རྒྱའི་ནང་གི“ཚོང་ཁང་འདི་ལ་མཐའ་མཇུག་གི་འགྲེལ་བཤད་རྒྱག་དབང་ཡོད”ཅེས་པ་དང་ཡང་ན“ཁྲམ་བྱང་འདི་གོ་ཆོད་དུས་ཡུན་ནང་དུ་སྤྱོད་ཚར་དགོས། དུས་ཡུན་ལས་བརྒལ་རྗེས་གོ་མི་ཆོད།” “ཁྲམ་བྱང་འདི་ཕྱི་རུ་བཙོང་རྗེས། ཕྱིར་སློག་བྱེད་མི་སྲིད”ལ་སོགས་པའི་ཁོད་ཚན་ལ་མཉམ་འཇོག་དགོས། བཞི་ནས་དུས་ལྟར་ཁེ་དབང་སྲུང་དགོས། ད་ལྟ་བདག་སྤྲོད་བྱེད་པའི་རྩོད་གཞི་འདིའི་རིགས་ཀྱི་གནས་ཚུལ་ལ་བལྟས་ན། ཚོང་ཁང་མང་པོ་ཞིག་གིས་ལས་མཚམས་བཞག་ནས་ལེགས་བཅོས་བྱེད་པ་དང་། ཚོང་ཁང་མཛེས་བཟོ་བྱེད་པར་ཁ་གཡར་ཏེ“ཕྱི་རུ་འབུད་པར”གྲ་སྒྲིག་བྱེད་ཀྱིན་ཡོད། འཛད་སྤྱོད་པས་གལ་ཏེ་ཚོང་བདག་ཕྱིར་འབུད་རྩིས་ཡོད་པ་ཤེས་ན། སྔ་མོ་ནས་ཞུ་གཏུག་བྱེད་དགོས་པ་ལས་དུས་ཚོད་འགོར་འགྱངས་བྱེད་མི་རུང་། དུས་ཚོད་འགོར་འགྱངས་བྱས་ན་ཁེ་དབང་སྲུང་བར་གནོད་འཚེ་ཐེབས་སྲིད། སྒོར་གྲངས་ཅུང་མང་བའི་བསམ་ངན་མགོ་སྐོར་སོགས་ཀྱི་ཉེས་བསགས་བྱ་སྤྱོད་ལྡན་པ་ཤེས་ན། ངེས་པར་དུས་ལྟར་འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུག་བྱེད་དགོས།