སྣ་ཁྲག་བཞུར་བ་འདི་ལ་བལྟས་ན་དོན་དག་ཆུང་ཆུང་ཞིག་ཡིན་ནའང་། དེ་ཉིད་བསྐྱེད་པའི་རྒྱུ་རྐྱེན་དང་ལྐོག་ན་བསྐུངས་ཡོད་པའི་ན་རྐྱེན་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན།
གཅིག སྣ་ཁུང་བསློགས་པ་སོགས་ལས་ཕྱི་རྨས་བཟོས་པ།
སྣ་ཁུང་སློག་པ་དང་ཤུགས་ཆེན་པོས་སྣ་འབུད་པ། ཧབ་ཆི་དྲག་པོ་རྒྱག་པ། སྣ་ཁུང་གི་སྨན་སྤྱོད་ཚུལ་མ་འགྲིག་པ། སྣ་ཁུང་ནང་དུ་སྦུ་གུ་གཏོང་བ་སོགས་ཀྱིས་སྣ་ཁུང་ནང་གི་ཁྲག་རྩའམ་ཡང་ན་འབྱར་སྐྱི་ལ་གནོད་སྐྱོན་བཟོས་ན། སྣ་ཁྲག་བཞུར་བ་ཡིན་ལ། སྣ་རུས་དང་སྣའི་ཕྲུམ་རུས་སམ་ཡང་ན་སྣ་སྦུག་རུས་ཁུང་ལ་རུས་ཆག་བྱུང་བ་སོགས་སྣ་ཕྱིའི་རྨ་བཟོས་པ་ཡིས་ཀྱང་སྣ་ཁྲག་བཞུར་བར་བྱེད་པ་ཡིན།
གཉིས། སྣ་ཁུང་གི་མདུན་ངོས་ནས་ཁྲག་བཞུར་བ་ནི་ཚ་བ་རྒྱས་པའི་དབང་གིས་ཡིན་པ།
སྤྱིར་བཏང་དུ་བཤད་ན། གལ་ཏེ་ཁྲག་ནི་སྔོན་ལ་སྣ་ཁུང་ནས་བཞུར་ཡོང་ཚེ། ཁྲག་རྡོལ་གནས་ནི་སྣ་ཁུང་གི་མདུན་ངོས་ན་ཡོད། ཆམ་རིམས་དང་ཁྲག་རྡོལ་ཚ་བ། སིབ་བི། འདར་ནད། སྣ་གག ཚ་བ་སོགས་ཚ་རྒྱས་རང་བཞིན་གྱི་དོས་དྲག་འགོས་ནད་ཀྱིས་རྒྱུན་པར་ཚ་བ་རྒྱས་པ་ཆེ་བ་དང་སྣའི་འབྱར་སྐྱི་ལ་ཁྲག་རྒྱས་པའམ་ཡང་ན་སྐམ་གཤིས་ཆེ་བར་བྱས་པ་ལས་ཁྲག་རྩ་ཕྲ་མོ་ཧྲལ་བར་གྱུར་ནས་ཁྲག་རྡོལ་གནས་སྣ་ཁུང་གི་མདུན་ངོས་ན་ཡོད་ཤས་ཆེ་བས། སྣ་ཁྲག་རྡོལ་ཚད་ཅུང་ཉུང་བ་ཡིན།
གསུམ། སྣ་ཁུང་གི་རྒྱབ་ལོགས་ནས་ཁྲག་རྡོལ་བ་ནི་ཁྲག་ཤེད་མཐོ་བའི་དབང་གིས་ཡིན་པ།
གལ་ཏེ་ཁྲག་སྔོན་ལ་ཁ་ནང་ནས་ཐོན་པ་དང་དེ་ནས་སྣ་ཁུང་ནས་ཐོན་པའམ་ཡང་ན་ཁ་ནང་དང་སྣ་ཁུང་གཉིས་ཀ་ནས་མཉམ་དུ་ཡོང་བ་ཡིན་ན། ཁྲག་རྡོལ་གནས་ནི་སྤྱིར་བཏང་དུ་སྣ་ཁུང་གི་བར་དང་རྒྱབ་ལོགས་སུ་ཡོད་པ་དང་། དེ་ནི་ཕལ་ཆེར་ཁྲག་ཤེད་མཐོ་བ་དང་འཕར་རྩ་རེངས་འགྱུར་བྱུང་བ། ཁྲག་རྒྱས་རང་བཞིན་གྱི་སྙིང་ཤུགས་ཉམས་པ་སོགས་སྙིང་གི་ཁྲག་རྩའི་ནད་རིགས་ཀྱིས་བསྐྱེད་པ་ཡིན། ཁྲག་རྡོལ་བའི་སྔོན་ལ། རྟག་པར་སྔ་ལྟས་ཡོད་པ་སྟེ། དཔེར་ན་མགོ་ཡུ་འཁོར་བ་དང་མགོ་ན་བ། སྣ་ཁུང་ནང་གི་ཁྲག་རྒྱུན་གྱིས་རྡབ་རྡེག་བྱེད་པའི་ཚོར་བ་སོགས་ཡོད།
བཞི། ཁྲག་འདྲེས་པའི་སྣ་ཆུ་ཡང་དང་བསྐྱར་དུ་བཞུར་བ་ནི་སྐྲན་ནད་ཀྱི་དབང་གིས་ཡིན་པ།
སྤྱིར་བཏང་དུ་བཤད་ན། སྣ་ཁུང་ནང་གི་ཁྲག་རྩའི་སྐྲན་ནད་དང་གཞོན་ནུ་ལོ་ཆུང་གི་སྣ་གྲེའི་ཚི་སྣའི་ཁྲག་རྩའི་ངན་སྐྲན་སོགས་ལེགས་གཤིས་སྐྲན་ནད་ལ་སྣ་ཁྲག་བཞུར་བ་ཅུང་དྲག་པོ་ཡིན་པ་དང་། སྣ་ཁུང་གི་ངན་གཤིས་སྐྲན་ནད་རུལ་འགྱུར་གྱི་སྔ་དུས་སུ་ཁྲག་རྡོལ་བའི་ཚད་ཅུང་ཉུང་བ་ཡིན། ཁྲག་འདྲེས་པའི་སྣ་ཆུ་ཡང་དང་བསྐྱར་དུ་བཞུར་ན། མཇུག་དུས་སུ་ཁྲག་རྩར་གནོད་སྐྱོན་ཐེབས་ནས་ཁྲག་མང་དུ་རྡོལ་བ་ཡིན།
ལྔ། བསྟུད་མར་ཁྲག་འཛུམ་པ་ནི་ཁྲག་ནད་ཀྱི་དབང་གིས་ཡིན་པ།
ཁྲག་སླའི་ནད(血友病)སོགས་ཁྲག་འཁེངས(凝血)རྐྱེན་སྲོལ་རྒྱུན་ལྡན་མིན་པ་དང་ཁྲག་དཀར་ནད(白血病)སོགས་ཁྲག་ལེབ་རྒྱུན་ལྡན་མིན་པའི་ནད་རིགས་ཡོད་པ། འཁེངས་འགོག་སྨན(抗凝药)མང་དུ་སྤྱོད་མཁན་བཅས་ཡིན་ན། སྣ་ཁྲག་བཞུར་བའི་གནས་ཚུལ་རྒྱུན་དུ་འབྱུང་ལ། ཁྲག་བཞུར་ཚུལ་མང་ཤོས་ནི་སྣ་ཁུང་གཉིས་ཀ་ནས་ཡོང་བ་དང་བསྟུད་མའི་རང་བཞིན་གྱི་ཁྲག་འཛུམ་པ་ཡང་དང་བསྐྱར་དུ་འབྱུང་བར་མ་ཟད། ད་དུང་དབང་གནས(部位)གཞན་པ་ནས་ཀྱང་རྒྱུན་པར་ཁྲག་རྡོལ་བ་ཡིན།
སྣ་ཁྲག་བཞུར་བ་ནི་སྤྱིར་བཏང་དུ་དོས་དྲག་ནད་རྟགས་ཀྱི་རིགས་ལ་གཏོགས་པས། བྱེད་ཐབས་འོས་འཚམ་སྤྱད་ནས་ཁྲག་བཞུར་བའི་མཚམས་ཆད་དུ་བཅུག་ན་ཆོག་པ་ཡིན། སྣ་ཁྲག་བཞུར་མཁན་ཙོག་པུར་བསྡད་པའམ་ཡང་ན་རྒྱབ་བསྙེས་བྱས་ནས་བསྡད་ན། གལ་ཏེ་ཁྲག་རྡོལ་གནས་ནི་སྣ་ཁུང་གི་མདུན་ངོས་ཀྱི་ཁྲག་རྡོལ་སླ་བའི་གནས་སུ་ཡོད་དུས། ཁྲག་རྡོལ་ཚད་ཉུང་བ་དང་། མཛུབ་མོ་ཡིས་སྣ་ཁུང་གཉིས་ཀ་མནན་ནས་སྐར་མ10ནས15ཙམ་ལ་བསྡད་ན་ཁྲག་བཞུར་བའི་མཚམས་འཇོག་པ་ཡིན། གལ་ཏེ་སྣ་ཁྲག་བཞུར་བ་དྲག་པ་དང་ཁྲག་གི་འདྲེས་ཚད་ཅུང་མང་བའམ་ཡང་ན་ཁྲག་རྡོལ་གནས་མི་གསལ་ན། སྔོན་ལ་རས་བལ་སོགས་སྤྱད་ནས་ཁྲག་བཞུར་བ་འགོག་པ་དང་། དེ་ནས་མྱུར་དུ་སྨན་ཁང་ལ་སོང་ནས་སྨན་པར་བསྟེན་དགོས།