ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-20


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས།

ཉེ་དུས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྙན་སེང་གསན་པ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཉེ་དུས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྙན་སེང་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།

        ཚོགས་འདུའི་ཐོག་བསྟན་དོན། ལོ་གསུམ་ལྷག་ཙམ་རིང་གི་རང་རྒྱལ་གྱི་རིམས་འགོག་བརྒྱུད་རིམ་ནི་སྤྱིར་བཏང་ཞིག་གཏན་ནས་མིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་ཀྱིས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་འགོག་བྱས་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་ཆེན་པོར་བརྟེན་ནས་དུས་བབ་དང་གནས་བབ་ལ་བསྟུན་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྲིག་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བཅས་བྱས་པས། ནད་ཕོག་སླ་བ་དང་ཤི་ཚད་ཅུང་མཐོ་བའི་དུག་སྲིན་རྒྱ་ཆེན་པོ་མཆེད་མེད་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྩ་ཆེའི་དུས་ཚོད་བརྩོན་ལེན་ཐུབ་ཡོད། 2022ལོའི་ཟླ་11པ་ནས་བཟུང་། ང་ཚོས“བདེ་ཐང་སྲུང་བ་དང་ནད་ལྕི་སྔོན་འགོག”ལ་དམིགས་ཏེ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས། དུས་ཚོད་ཐུང་ངུའི་ནང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་། མི་དུང་ཕྱུར་2ལྷག་ཙམ་ལ་སྨན་བཅོས་བྱས་པ། ནད་པ་ཚབས་ཆེན་ཁྲི་80ཙམ་ལ་སྐྱོབ་བཅོས་ནུས་ལྡན་བྱས་པ། ཏོག་གསར་ནད་པ་ཤི་ཚད་གོ་ལ་ཧྲིལ་པོར་དམའ་ཤོས་རྒྱུན་འཁྱོངས་ཐུབ་པ་བཅས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་འདི་ཉིད་ཀྱིས་གྲུབ་འབྲས་ཐོབ་པའི་ངང་རིམས་ནད་མཆེད་རྒྱ་ཆེ་བའི་དུས་ལས་སྒྲོལ་བའི་བྱས་རྗེས་ངོ་མཚར་བཏོད་ཡོད། ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་དུས་བབ་ལ་བརྡར་ཤ་གལ་ཆེན་བཅད་པ་དང་། སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཇུས་ཐག་གལ་ཆེན་བཅད་པ། སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་ལ་ལེགས་སྒྲིག་གལ་ཆེན་བྱས་པ་བཅས་ནི་རྦད་དེ་ཡང་དག་པ་དང་། བྱེད་ཐབས་ནུས་ལྡན་ཡིན་པ། མང་ཚོགས་ཀྱིས་ཁས་བླངས་པ། གྲུབ་འབྲས་ཧ་ཅང་ཆེ་བ་བཅས་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྤྱིའི་ཆ་ནས་ལེགས་སུ་ཕྱིན་ཏེ“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པ”ཡི་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་དུས་མཚམས་སུ་བརྟན་པོའི་ངང་སླེབས་ཡོད་མོད། འོན་ཀྱང་གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་ནད་དུག་ད་དུང་རྒྱུན་ཆད་མེད་པར་ངོ་བོ་འགྱུར་བཞིན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་ཆེན་པོ་བྱེད་པའི་འགན་འཁྲིའི་བསམ་པ་བཅངས་ནས་ལོ་གསུམ་ལྷག་ཙམ་དང་ལྷག་པར་དུ་ཉེ་བའི་དུས་མཚམས་ཤིག་རིང་གི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ་འབྲེལ་ཡོད་ལམ་སྲོལ་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱེད་པ། འཕྲོད་བསྟེན་བདེ་ཐང་གི་ཞབས་ཞུའི་མ་ལག་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་གྲུབ་འབྲས་གལ་ཆེན་སྲ་བརྟན་དུ་མཐའ་གཅིག་ཏུ་གཏོང་དགོས།

        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“ཕྱོགས་བཞིའི་འགན་འཁྲི”ནན་དུ་གཏོང་བ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། ཉེན་ཁ་ཡོད་པའི་མི་སྣར་དོ་དམ་ཚོད་འཛིན་ཡག་པོ་བཅས་བྱས་ཏེ། ད་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་སླར་ཡང་སྐུལ་འདེད་དང་སླར་ཡང་དོན་འཁྱོལ་བྱེད་དགོས། རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་ཉེན་ཟོན་སྔོན་བརྡའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་དང་ཆ་འཕྲིན་སྙན་སེང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དུས་ཐོག་དང་གནད་ལ་འཁེལ་པོས་ཉེན་ཟོན་སྔོན་བརྡ་གཏོང་བ་དང་འབྲེལ་དགོས་ངེས་ཀྱི་ཛ་དྲག་གི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་དགོས། ནད་དུག་ངོ་འགྱུར་དང་རིམས་འགོག་སྨན་ཁབ་ཀྱི་ནུས་པའི་གནས་ཚུལ་ལ་གཞིགས་ནས་དུས་མཚམས་རྗེས་མའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཏེ་རྒན་རྒོན་ལ་སྨན་ཁབ་རྒྱག་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་རིམ་དབྱེ་ཁག་བགོས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཐོན་ཁུངས་བཀོད་སྒྲིག་མུ་མཐུད་ལེགས་སུ་བཏང་སྟེ། གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་གཙོ་བོར་བྱེད་པའི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་སྟོབས་ཆེ་རུ་གཏོང་དགོས། སྨན་བཅོས་དངོས་ཟོག་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་གསོག་འཇོག་ལམ་ལུགས་དང་དཀར་ཆག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་སྣ་དང་དངོས་ཟོག་སྤྱི་འདོམས་བཀོད་སྒྲིག་ལམ་སྲོལ་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་འཐབ་ས་དང་པོའི་ནུས་པ་དང་། སྨན་རྫས། སྒྲིག་ཆས་སོགས་ཐད་ཀྱི་ཆད་སྐྱོན་དང་ཞན་ཆ་ཏན་ཏིག་སེལ་བ་བཅས་བྱེད་དགོས། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཚེ་སྲོག་བདེ་ཐང་གི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས། རིམས་འགོག་འཐབ་རྩོད་ཀྱི་གྲུབ་འབྲས་གལ་ཆེན་ལ་གཅེས་སྤྲས་ལྡབ་འགྱུར་བྱས་ནས་ཀྲུང་གོའི་རིམས་འགོག་གཏམ་རྒྱུད་ཡག་པོ་བཤད་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བར་སྐུལ་ལྕག་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1