ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 02-23



        སྤྱི་ཚེས་༢༢ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་བྱེད་པའི་གནས་ཚུལ་གྱི་སྙན་གསེང་གསན་པ་དང་། ད་ལོའི་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་གྲོས་འགོ་དང་བསམ་འཆར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་བཀོད་སྒྲིག་གནང་བ། ཁེ་ལས་དང་འབྲེལ་བའི་གླ་རིན་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་དང་སྒྲིག་སྲོལ་ལས་འགལ་ནས་གླ་རིན་བསྡུ་བའི་གནས་ཚུལ་བཅོས་སྒྲིག་བྱེད་པའི་སྙན་གསེང་གསན་ནས་གླ་རིན་གང་བྱུང་དུ་བསྡུ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

        གྲོས་ཚོགས་ཐོག སྲིད་གཞུང་གི་དབང་ཆ་མི་དམངས་ནས་བྱུང་བ་ཞིག་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་འགོ་དང་སྲིད་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་གཉེར་བྱེད་པ་ནི་སྲིད་གཞུང་གིས་དམངས་འདོད་ཉན་པ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་བླང་བྱ་ཞིག་ཡིན་ལ་ཚན་རིག་དང་མཐུན་པའི་དམངས་གཙོའི་བཀོད་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་དེར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ལོ་རེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་སྐོང་འཚོགས་བྱས་ནས་སྒྲུབ་གཉེར་བྱེད་པའི་གནས་ཚུལ་གྱི་སྙན་གསེང་གསན་གྱི་ཡོད་པ་རེད། སྤྱི་ལོ་༢༠༢༢ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ཀྱིས་འཐུས་མིའི་གྲོས་འགོ་དང་ཨུ་ཡོན་གྱི་གྲོས་གཞི་ཆིག་ཁྲི་བཞི་སྟོང་ལྷག་ཙམ་སྒྲུབ་གཉེར་བྱས་ཟིན་པ་དང་། འདས་ཟིན་པའི་ལོ་ལྔའི་ནང་བསྡོམས་རྩིས་བྱས་ན་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་ཆིག་ཁྲི་བརྒྱད་སྟོང་ལྷག་ཙམ་བསྡུ་ཉར་བྱས་པ་དང་། འབྲེལ་ཡོད་ཀྱི་སྲིད་ཇུས་བྱ་ཐབས་༧༨༠༠ལྷག་ཙམ་བཏོན་པ། བསྒྱུར་བཅོས་གོང་འཕེལ་དང་མི་དམངས་མང་ཚོགས་ཀྱི་དཀའ་ཁག་ཆེ་བའི་གནད་དོན་མང་དག་ཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

        ལས་ཁུངས་ཁག་གིས་བསམ་འཆར་དང་གྲོས་འགོ་སྒྲུབ་གཉེར་བྱ་རྒྱུ་དེ་ལོ་འཁོར་གྱི་ལས་འགན་གཙོ་བོ་ཞིག་ཏུ་རྩིས་ནས་ཅུང་འཐུས་སྒོ་ཚང་བའི་ལམ་ལུགས་ཞིག་ཏུ་ཆགས་ཡོད། གྲུབ་འབྲས་དེ་དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་ཞིག་ཏུ་བརྗེ་སྒྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སླེབས་གྲབས་ཡོད་པ་དང་། འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོར་ནན་ཏན་ངང་ཉན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་འཁུར་མི་སྣ་གྲོས་ཚོགས་ལ་ཟུར་ཞུགས་སམ་ཟུར་ཉན་བྱས་ཏེ། ལས་ཁུངས་ཁག་གིས་ཐབས་ལམ་མང་ཙམ་སྤྱད་ནས་འཐུས་མི་དང་ཨུ་ཡོན་རྣམས་དང་རང་འགུལ་ངང་འབྲེལ་གཏུག་བྱེད་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་མུ་མཐུད་ནས་ལས་དོན་མི་སྣ་ཡུལ་དངོས་སུ་བསམ་འཆར་དང་གྲོས་འགོ་ཟུར་ཉན་བྱེད་རྒྱུར་བཀོད་སྒྲིག་བྱེད་དགོས། སྲིད་གཞུང་གི་ལས་དོན་སྙན་ཞུའི་བསམ་འཆར་དང་གྲོས་འགོའི་སྐོར་ལ་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་ཐོག་ནས་ཞིབ་འཇུག་བྱེད་དགོས་པ་དང་། དོན་ངོ་མའི་ཐོག་ནས་སྙན་ཞུ་དང་དོན་དངོས་ཀྱི་ལས་དོན་ནང་མངོན་པར་བྱེད་དགོས་ཞེས་བཏོན་ཡོད།

        གྲོས་ཚོགས་ཐོག སྤྱི་ལོ་༢༠༢༢ལོར་ཁྲོམ་རའི་དུས་བབ་ཀྱི་འགྱུར་ལྡོག་དང་ཁྲོམ་རའི་གཙོ་གཟུགས་ཀྱི་དགོས་མཁོར་ཐད་ཀར་ཕྱོགས་ནས་གཞི་ཁྱོན་ཆེན་པོས་ཁྲལ་སློག་ཁྲལ་ཁྲལ་འཕྲི། ཁྲལ་གཅོག ཁྲལ་འཇལ་ཡུན་འགོར་དུ་གཏོང་བ་དང་ཁྲལ་འགྱངས་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྲོམ་རའི་གཙོ་གཟུགས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་མི་སྒེར་གྱི་བཟོ་ཚོང་ཐེམ་དུད་བཅས་དཀའ་གནད་ལས་སྒྲོལ་རྒྱུར་རོགས་འདེགས་བྱས་ནས་དཀའ་ངལ་སེལ་རོགས་བྱས་པ་དང་། ལས་ཞུགས་བརྟན་དུ་གཏོང་བ་དང་དམངས་འཚོར་འགན་ལེན། དཔལ་འབྱོར་གྱི་གཞི་རྟེན་བརྟན་སྲུང་བཅས་ཀྱི་ཐད་འགག་རྩའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་གནས་བབ་ཧྲིལ་པོར་གཞིགས་ནས། ཕན་འབྲས་ལྡན་པའི་ལས་དོན་དང་ཆེད་དོན་བཅོས་སྒྲིག་ཐོག་ནས་དུས་མཚམས་རང་བཞིན་གྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་རིན་དངུལ་ཁག་༡༤བསྐྱལ་རྒྱུ་ནར་འགྱངས་དང་འགན་ལེན་དངུལ་སོགས་ཁེ་ལས་དང་འབྲེལ་བའི་རིན་དངུལ་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ། ཆེད་དོན་བཅོས་སྐྱོང་དང་འབྲེལ་བའི་དངུལ་གྲངས་སྒོར་དུང་ཕྱུར་༢༡༠༠ལས་བརྒལ་བ། དེ་དང་ཆབས་ཅིག་ཁེ་ལས་དང་འབྲེལ་བའི་གང་བྱུང་དུ་རིན་དངུལ་བསྡུ་བའི་གནད་དོན་༧༧༠༠རྩད་ཞིབ་དང་ཐག་གཅོད་བྱས་པ། དེ་དག་ཆ་ཚང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བསྟན་འདུག

        གྲོས་ཚོགས་ཐོག མིག་སྔའི་དཔལ་འབྱོར་འཕར་སྣོན་དེ་བརྟན་ཐོག་རྒྱང་བགྲོད་ཡིན་ནའང་འགྲན་རྩོད་མང་པོ་འཕྲད་བཞིན་ཡོད། ཁེ་ལས་ཚོང་གཉེར་དེ་ཡང་སྔར་བཞིན་དཀའ་ངལ་ཆེན་པོ་ཡོད། ཁེ་ལས་དང་འབྲེལ་བའི་སྒྲིག་སྲོལ་ལས་འགལ་ནས་རིན་དངུལ་བསྡུ་བ་བཅོས་སྐྱོང་དང་ཁེ་ལས་ལ་རོགས་འདེགས་བྱས་ནས་སྲིད་ཇུས་ལྷུག་གཏོང་ལག་བསྟར་བྱེད་པ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་འབྲེལ་བ་དམ་ཟམ་བྱེད་དགོས། བཏོན་ཟིན་པའི་དཔལ་འབྱོར་བརྟན་གཏོང་གི་སྲིད་ཇུས་རབ་དང་རིམ་པ་དང་རྒྱུན་མཐུད་བྱེད་ཐབས་ཁྲོད་ཀྱི་ཁྲལ་འཕྲི་ཁྲལ་གཅོག་གི་སྲིད་ཇུས་ཀྱིས་སྔར་བཞིན་ཕན་ནུས་ཐོན་བཞིན་པས་དོན་འཁྱོལ་གཏིང་ཟབ་བྱེད་དགོས། རིན་དངུལ་གང་བྱུང་དུ་བསྡུ་བ་དང་། ཆད་པ་གང་བྱུང་དུ་གཅོད་པ། བསྡུར་གྲངས་ཁག་བགོས་གང་བྱུང་དུ་བྱེད་པ་བཅས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཕུགས་ཕན་གྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། བྱ་ཐབས་སྣ་མང་བཟུང་ནས་ཁྲོམ་རའི་སྔོན་དཔག་སྐུལ་སྤེལ་གྱིས་དཔལ་འབྱོར་འཕར་སྣོན་དང་ཁེ་ལས་བརྟན་ཐོག་རྒྱང་བགྲོད་ཐུབ་པའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་ནན་སྟོན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1