བློ་བཟང་བསྟན་འཕེལ།
ཆུ་འཛིན་རིང་མོའི་མུ་ཁྱུད་ཅོད་པན་མཛེས། །
ཕྱི་ནང་སྣོད་བཅུད་བཀོད་ལེགས་ལྷུན་གྱིས་གྲུབ། །
རྩེ་མོར་སྤྲིན་དཀར་ལྷ་ཚོགས་ལང་ལོང་འདུ། །
དགྱེས་ཞལ་འཛུམ་པའི་པདྨོ་མངོན་པར་བཞད། །
བཞི་ཟུང་ཡན་ལག་དང་ལྡན་ནགས་ཀྱི་ཀླུང་། །
དྲི་བཞོན་ལྡང་བའི་རྣམ་འགྱུར་སེམས་ལྡན་བཞིན། །
བདེ་སྐྱེས་ནོར་བུའི་སྐྱེད་ཚལ་འཇམ་མཉེན་ལྡན། །
ལྔ་ཟུང་དགེ་མཚན་སྟོང་གིས་ཀུན་ནས་བསྐོར། །
མ་བཅོས་ས་ཡི་དཀྱིལ་འཁོར་ཡི་གར་འོང་། །
རྐང་འཐུང་དབང་པོའི་ཚོགས་ཀྱིས་གར་སྟབས་བསྒྱུར། །
ཕྱོགས་ཀུན་རི་ཡི་ཕྲེང་བ་ཚར་དུ་དངར། །
སྨུག་ཞགས་ལང་ལོང་གཡོ་བ་འཛིན་མའི་རྒྱན། །
དབེན་གནས་སུམ་རྩེན་ལས་ལྷག་བདེ་འབྱུང་གནས། །
ཁོར་ཡུག་ཁོད་སྙོམས་མེ་ཏོག་རྣམ་པར་བཀྲ། །
ལྗོན་ཤིང་འབྲས་བཟང་སྨིན་པ་དུད་པའི་ཉམས། །
ཞི་བདེ་འདོད་པའི་ཡིད་ལ་དགའ་བ་སྦྱིན། །
མཛེས་སྡུག་མི་ཟད་རི་མོ་རྒྱན་གྱིས་བརྒྱན། །
བྲག་དང་རྫ་རིའི་གླེགས་བམ་རྔམ་ཞིང་བརྗིད། །
རྩེ་མོར་ཉི་ཟླ་ཟུང་གི་རྣ་ཆ་སྤྲས། །
དར་བབ་གཞོན་ནུ་ལས་ལྷག་ལང་ཚོ་རྫོགས། །
འོད་དཀར་འཛིན་པའི་སོ་ཕྲེང་དྲ་བ་ལས། །
སྒྱུ་འཕྲུལ་ནོར་བུའི་བློས་བསླངས་རྨད་དུ་བྱུང་། །
ཞིང་གི་མཆོག་གྱུར་འཛིན་མའི་རྒྱན་དུ་ཤར། །
ཀླུ་གནས་ཕུན་ཚོགས་ནོར་གྱིས་ཡོངས་སུ་ཕྱུག །
གཙུག་ལག་ཟུང་གི་རྒྱལ་མཚན་མངོན་པར་མཐོ། །
ལུགས་བཟང་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས། །
ཡིད་འཕྲོག་གཏམ་གྱི་སྦྱོར་བས་ས་གསུམ་ཁྱབ། །
ཆོས་ཀུན་སྒྱུ་མའི་སྣང་བར་ཀུན་ཡིད་མགུ། །
ཟིལ་བའི་མེ་ཏོག་ཕྲ་ཚོམ་ལྷུག་པོར་གྲོལ། །
བྱ་ཚོགས་སྐད་སྙན་འབྱིན་པ་ཚངས་པའི་དབྱངས། །
ལྷུང་ལྷུང་སྒེག་མོའི་གླུ་དབྱངས་བར་མེད་སྒྲོགས། །
རྟེན་འབྲེལ་ཉིན་བྱེད་འོད་སྣང་མཁའ་རུ་ཤར། །