མདོ་དབུས་མཐོ་སྒང་དུ་རང་རྒྱལ་གྱི་ཆེས་ཆེ་བའི་མཚེའུ་ཁུལ་ཡོད་ཅིང་། ལོ་རྒྱུས་ཐོག་ཏུ། མཚེའུ་འདི་དག་གི་གཞི་རྒྱ་ནི་ད་ལྟ་ལས་ལྡབ་འགྱུར་གྱིས་ཆེ་བ་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ། མཚེའུ་འདི་དག་གི་འགྱུར་ལྡོག་ལས་མདོ་དབུས་མཐོ་སྒང་ཡར་འཕགས་པ་དང་། ནམ་ཟླར་འགྱུར་ལྡོག་བྱུང་བའི་གོ་རིམ་གཉིས་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་པ་བསྟན་ཡོད།
མཚོ་མོ་ངང་ལག་རིང་པོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
མཚེའུ་ཡི་འདས་སོང་།
ད་ལྟའི་བར་དུ་ཕལ་ཆེར་ལོ་ཁྲི500ནས་ཁྲི200ལྷག་ཡོད་པའི་སྔོན་གྱི་མདོ་དབུས་མཐོ་སྒང་གི་མཐོ་ཚད་ནི་སྤྱིར་བཏང་དུ་མཚོ་འཕགས་སྨི2000ལས་དམའ་བ་དང་། ས་ཆ་ཡོངས་ཀྱི་ནམ་ཟླ་དྲོ་འཇམ་ལྡན་པ་ཞིག་ཡིན། ཚྭ་འདམ་གཞོང་དང་། ཨ་ཆེན་གངས་རྒྱབ་ནས་གདང་ལ། བ་ཡན་ཧ་རི། མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དང་ལྷོ་རྒྱུད་སོགས་སུ། མཚེའུ་ཆེན་པོ་མང་བོ་ཡོད། གནས་དེ་ནས་ད་དུང་ཕྱི་ངོས་སུ་ཚ་བ་ཆེ་བའི་ནམ་ཟླའི་ཁྱད་ཆོས་ལྡན་པའི་ས་རིམ་དམར་པོ་ཡང་རྙེད་ཡོད།
ཚྭ་འདམ་གཞོང་གི་ཆུ་ཐོག་ཡ་ཏན། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
མཚེའུ་ཡི་རིམ་འགྱུར།
ད་ལྟའི་བར་དུ་ལོ་ཁྲི260ཙམ་ཡོད་པ་ནས་བཟུང་། མདོ་དབུས་མཐོ་སྒང་གི་མཚོ་འཕགས་མགྱོགས་མོའི་ངང་སྨི་སུམ་སྟོང་དང་བཞི་སྟོང་ལྷག་གི་ཡན་ལ་འཕེལ་ཞིང་། མཐའ་གནས་ས་དབྱིབས་ལ་གས་བཅད་བྱུང་བ་དང་མཐོ་སྒང་ཡར་འཕགས་པ་ལས། ཧུན་རྡུ་རྒྱ་མཚོའི་དྲོད་གཤེར་རླུང་རྒྱུན་བྱང་ཕྱོགས་སུ་རྒྱུ་བ་བཀག་སྟེ། མཐོ་སྒང་གི་ཁོར་ཡུག་ལ་རིམ་བཞིན་འགྱུར་ལྡོག་བྱུང་།
གཙང་པོའི་ཁུངས་འདེད་ལ་བསླད་སྐྱོན་བྱུང་བ་དང་བསྟུན་ནས། མཚེའུ་ཆེན་པོ་སྟེ་དཔེར་ན་མཛོད་དགེ་དང་གདང་ལ། རྔ་བ། དཔལ་ཡུལ་སོགས་ཀྱི་མཚེའུ་ཆེན་པོ་ཁག་ཅིག་དུམ་བུར་བཅད་ཅིང་། མཐོ་སྒང་གི་ལྟེ་བའི་ས་ཁུལ་གྱི་མཚེའུ་མང་བོ་ཕྱིར་འབབ་མཚེའུ་ནས་ནང་འབབ་མཚེའུ་ལ་གྱུར་པ་དང་། མཚེའུ་ཆེན་པོ་རིམ་བཞིན་ཇེ་ཆུང་དུ་གྱུར་པ་ན། ཚྭ་མེད་མཚེའུ་ཡང་ཚྭ་ལྡན་མཚེའུ་ལ་གྱུར་ཡོད།
ཡར་འབྲོག་གཡུ་མཚོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
མཚོ་རགས་ཏེ། མཚེའུ་ཡི་ལོ་ཚོད།
མདོ་དབུས་མཐོ་སྒང་ཡར་འཕགས་ཏེ་མཚེའུ་ལ་རིམ་འགྱུར་བྱུང་བ་དང་བསྟུན་ནས། མཚེའུ་ཚོགས་འདི་བསྐམས་ནས་ཇེ་ཆུང་དུ་སོང་བ་དང་ཚྭ་ལྡན་དུ་གྱུར་པའི་འཕེལ་ཕྱོགས་ཧ་ཅང་མངོན་གསལ་ཡིན། ལྷག་པར་དུ་མཐོ་སྒང་གི་ལྟེ་བའི་ས་ཁུལ་གྱི་ནང་འབབ་མཚེའུ་ཡི་མཐའ་འཁོར་དུ། ལྟེ་མཐུན་སྒོར་དབྱིབས་རིམ་པ་དང་རིམ་པ་ལྟར་གྱི་མཚོ་རགས་ཀྱི་རྗེས་ཤུལ་ཡོད། དེ་ཚོ་ནི་ལྗོན་ཤིང་གི་ལོ་རིས(年轮)ནང་བཞིན། ནམ་ཟླར་འགྱུར་ལྡོག་བྱུང་བའི་གོ་རིམ་ནང་གི་གནའ་བོའི་མཚེའུ་ཡི་གཞི་རྒྱ་མཚོན་པར་མ་ཟད། ད་དུང་མཚེའུ་མར་འགྲིབ་པའི་ཤུལ་རྗེས་ཀྱང་ཟིན་ཐོ་རུ་བཀོད་ཡོད།
ཀྲུང་གོའི་ཚན་རིག་གླིང་སོགས་སྡེ་ཁག་གི་ཚན་རིག་པ་ཚོས་ལོ་མང་ལ་ཞིབ་འཇུག་བྱས་པ་ལྟར་ན། མདོ་དབུས་མཐོ་སྒང་གི་ད་ལྟའི་མཚེའུ་ཡི་མཐའ་འཁོར་དུ་གནའ་བོའི་མཚོ་རགས་ཀྱི་ཤུལ་རྗེས་མང་བོ་ཡོད་པ་དང་། གཙོ་བོ་ནི་ད་ལྟའི་བར་དུ་ལོ་ཁྲི5ཡོད་པ་ནས་བཟུང་རིམ་བཞིན་གྲུབ་པ་ཞིག་ཡིན་ཞིང་། དཔེར་ན་ཁ་ལ་ཁུ་ནུ་རི་བོ(喀喇昆仑山)ཡི་བྱང་ངོས་སུ་ཡོད་པའི་ལུང་མུ་མཚོ་ལ། མཚོ་རགས་ཀྱི་ཤུལ་རྗེས100ལྷག་ཡོད་པ་དང་། མཐོ་སྒང་གི་མཚེའུ་གཞན་པ་ལའང་གནའ་བོའི་མཚོ་རགས་ཀྱི་རྗེས་ཤུལ10ལྷག་གནས་པ་ནི་ཧ་ཅང་མང་།
བྱང་གནམ་མཚོ། པར་རིས་དྲ་བ་ལས་དྲངས།
མཚེའུ་ཡི་ཆེས་ཕྱི་ངོས་ཀྱི་གནའ་བོའི་མཚོ་རགས་ཀྱི་ཤུལ་རྗེས་དང་ད་ལྟའི་མཚོ་ངོས་ཀྱི་ཆེ་ཆུང་ཞིབ་བསྡུར་བྱས་ན། ཆེས་ཆེ་བ་ནི་སྨི200ཡས་མས་ལ་ཐོན་པ་དང་། གནའ་བོའི་མཚེའུ་ཁ་ཤས་ཀྱི་གཞི་རྒྱ་ནི་ད་ལྟའི་མཚེའུ་ཡི་རྒྱ་ཁྱོན་གྱི་ལྡབ་བརྒྱད་ལྷག་ཡིན།
གནའ་བོའི་མཚོ་རགས་ཀྱི་ཤུལ་རྗེས་ལ་ཞིབ་འཇུག་བྱས་པ་བརྒྱུད། ཚན་རིག་པ་ཚོས་ད་ལྟའི་བར་དུ་ལོ་ཁྲི5ནས2.5ཙམ་ཡོད་པའི་བར་ནི་མདོ་དབུས་མཐོ་སྒང་གི་མཚེའུ་ཆེན་པོའི་དུས་སྐབས་ཤིག་ཡིན་པར་འདོད་པ་རེད།