སྔར་ལས་སློབ་གྲྭའི་བཟའ་ཆས་བདེ་འཇགས་ཀྱི་ཁོངས་གཏོགས་དོ་དམ་ལས་འགན་དང་སློབ་གྲྭའི་རྐང་འཛིན་ལས་འགན་ཇེ་ནན་དུ་བཏང་སྟེ། ཉེན་ཁའི་བག་ཉལ་རྐྱེན་ངན་ལ་རིམ་བཤེར་ནུས་ལྡན་སྒོས། སློབ་གྲྭའི་བཟའ་ཆས་བདེ་འཇགས་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཟླ༢པའི་ཚེས༢༠ཉིན་ནས་བཟུང་། མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་སློབ་གསོ་ཅུས་དང་འཕྲོད་བསྟེན་བདེ་ཐང་ཅུས། སྤྱི་བདེ་ཅུས་བཅས་དང་མཉམ་འབྲེལ་སྒོས། ༢༠༢༣ལོའི་དཔྱིད་དུས་ཀྱི་སློབ་གྲྭའི་བཟའ་ཆས་བདེ་འཇགས་ཆེད་དོན་ལྟ་སྐུལ་དོ་དམ་ལས་སྒོ་མཉམ་དུ་སྤེལ།
སློབ་གྲྭ་སོ་སོའི་ཟ་ཁང་དུ་ཞིབ་བཤེར་ཚན་ཁག་གིས་ཁང་བ་དང་སྒྲིག་ཆས། བཟའ་བཏུང་ཡོ་ཆས་སོགས་ཀྱི་དུག་སེལ་དང་གཙང་བཀྲུ་གནས་ཚུལ་ལ་ཞིབ་བཤེར་སྒོས། བཟའ་ཆས་ཀྱི་རྒྱུ་ཆར་ལྟ་ཞིབ་བྱས་ཏེ། མཛོད་ཉར་བཟའ་ཆས་ཀྱི་མ་རྒྱུ་དང་བྲོ་རྫས་སོགས་ལ་རིམ་བཤེར་བྱས་ནས། དུས་ཡོལ་དང་ངོ་བོ་འགྱུར་བ། འཛིན་ཡིག་དང་ཚོང་རྟགས་ཆ་ཚང་མིན་པ་བཅས་ཀྱི་བཟའ་ཆས་རྒྱུ་ཆ་སྤྱོད་པར་བཀག་སྡོམ་གནང་། རྩིས་ཁྲའི་རྒྱུ་ཆར་ཞིབ་བཤེར་བྱེད་སྐབས་ཁྲིམས་འཛིན་མི་སྣས་སློབ་གྲྭས་འཛིན་ཡིག་དང་བཟའ་ཆས་ཀྱི་མ་དཔེ་འཇོག་པ། བཟའ་བཏུང་ཡོ་ཆས་དུག་སེལ་སོགས་བཟའ་ཆས་བདེ་འཇགས་ལམ་ལུགས་སོ་སོ་དོན་འཁྱོལ་སྒོས། འབྲེལ་ཡོད་རྩིས་ཁྲར་ཐོ་འགོད་གང་ལེགས་བྱེད་དགོས་པར་བླང་བྱ་བཏོན། ཞིབ་བཤེར་གོ་རིམ་ཁྲོད་ཁྲིམས་འཛིན་མི་སྣས་སློབ་གྲྭ་མང་ཆེ་བའི་ཟ་ཁང་གི་ལས་མིའི་བདེ་ཐང་དང་དོ་དམ། ཁོར་ཡུག་གཙང་སྦྲ། བཟའ་ཆས་མཛོད་ཉར། དུག་སེལ་སོགས་ཀྱི་རིམ་པ་སོ་སོ་དོན་འཁྱོལ་གནང་བ་ཅུང་བཟང་ཟེར། གཞན་ཡང་ཞིབ་བཤེར་ཚན་ཁག་གིས་ད་དུང་སློབ་གྲྭའི་སྨན་དོན་ཁང་དང་སློབ་མའི་ཉལ་ཁང་སོགས་ཀྱི་བདེ་འཇགས་ལ་ཞིབ་བཤེར་སྒོས། སློབ་གྲྭ་སོ་སོས་སློབ་རའི་བདེ་འཇགས་རྐང་འཛིན་ལས་འགན་དོན་འཁྱོལ་ནན་མོས། ཉིན་རེའི་རིམ་བཤེར་དང་གཟའ་རེའི་དོ་དམ། ཟླ་རེའི་བཀོད་གཏོང་བཅས་ཀྱི་ལས་སྒྲུབ་སྒྲིག་གཞི་བཙུགས་ཏེ། ཟ་ཁང་གི་ཉིན་རྒྱུན་གྱི་བཟའ་ཆས་བདེ་འཇགས་སོགས་འབྲེལ་ཡོད་ལས་དོན་ལེགས་པར་སྒྲུབ་དགོས་པར་བླང་བྱ་བཏོན།
རྗེས་སོར་མཛོད་དགེ་རྫོང་གིས་མུ་མཐུད་དུ་ལྟ་སྐུལ་དོ་དམ་ཤུགས་ཆེར་བཏང་སྟེ། རྐང་འཛིན་ལས་འགན་དོན་དུ་འཁྱོལ་བར་སྐུལ་འདེད་སྒོས། སློབ་ར་དང་ཉེ་འཁོར་གྱི་ཆེད་དོན་དག་ཐེར་བྱེད་ཤུགས་ཆེར་བཏང་ནས། མཉམ་འབྲེལ་ཁྲིམས་འཛིན་དང་དྲིལ་སྒྲོག་སློབ་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མཉམ་འཛིན་མཉམ་བདག་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་བཅོས་བྱེད་པའི་རྣམ་པ་གང་ལེགས་བསྐྲུན་ནས། རྫོང་ཡོངས་ཀྱི་སློབ་རའི་དགེ་སློབ་ཀྱི་བདེ་ཐང་བདེ་འཇགས་སྲུང་སྐྱོང་སྒོས། ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་དགེ་སློབ་ཀྱི་བཟའ་ཆས་བདེ་འཇགས་འགན་ལེན་རྒྱུ་རེད། །