༄༅། །སྙན་རྩོམ་བདུད་རྩིའི་ཟེག་མ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28


གངས་ཅན་རིག་པའི་རྣམ་དཔྱོད་འཕྲུལ་མངའ་དེང་རབས་ཚན་རྩལ་མཉམ་འདྲེས་ཀྱི། །

ལྟ་དཔྱོད་ཡངས་པའི་ཐུགས་ཀྱི་དཔལ་བེའུ་རབ་འབྱམས་གཙུག་ལག་སྟོང་འཁྱིལ་བའི། །

ཤེས་བྱའི་གན་མཛོད་ལེགས་བཤད་རྒྱ་མཚོའི་སྙིང་པོའི་བཅུད་འཛིན་ཡོངས་འདུའི་ལྗོན།།

ཐོས་བརྩོན་ཤེས་ལྡན་བློ་གྲོས་དཔལ་མངའ་རིག་པའི་ནོར་གླིང་དགའ་བས་འཇུག །

 

རྒྱལ་དོན་ཇུས་བཟང་གཏམ་གྱིས་བསྙད་པའི་བསྒྲོགས་འབྲེལ་གསལ་བའི་མེ་ལོང་སྦྱིན། །

བརྡ་སྤྲོད་གཞུང་གི་འབབ་ལྡན་དགའ་མས་དག་བྱེད་ཀླུང་གིས་བདུད་རྩིར་སྤྲོ། །

ཚངས་སྲས་བུ་མོའི་ངག་གི་རོལ་མཚོ་སྙན་ཚིག་རྒྱ་མཚོའི་རླབས་ཕྲེང་འཐོར། །

སྡེབ་ལེགས་མེ་ཏོག་གསར་པའི་བཞིན་རས་ཡིད་འཕྲོག་མཛེས་དགའི་འཛུམ་འདི་རྨད། །

 

ས་ལའི་མཛེས་རྒྱན་ནགས་ཀླུང་སྟུག་པོའི་ས་འཛིན་ཕྲེང་བས་མཐའ་ནས་སྐོར། །

ཀུན་དགའི་སྐྱེད་ཚལ་མེ་ཏོག་འཛུམ་དཀར་ལྗང་མདོག་གཡུ་ལོའི་རྒྱན་དུ་སྤུད། །

མདུད་བརྒྱ་གྲོལ་བའི་གཙང་པོའི་ཞགས་པ་རི་རབ་མཐའ་ནས་འབྱམས་སུ་ཀླས། །

མཐོ་སྒང་འཇིག་རྟེན་མཐོང་བ་ཀུན་སྨོན་མཛེས་པའི་ཞལ་སྐྱིན་སྤྱན་དུ་བསྟར། །

 

ཁྱད་ལྡན་མཁས་པའི་ལང་ཚོ་སྐྲུན་པའི་ཡོན་ཏན་ནོར་གྱིས་བང་མཛོད་གཏམ། །

ཡན་ལག་བརྒྱད་ཀྱི་རིག་གཞུང་སྲོང་བའི་ཉམས་མྱོང་ཚད་ཀྱིས་གཏན་ལ་དབབ།།

འཁྲབ་གཞུང་རིག་པའི་ཉམས་ཀྱི་སྒྱུ་རྩལ་གླིང་བཞིའི་ཁྱོན་ལ་མངའ་དབང་བསྒྱུར།།

སྦས་དོན་གསང་བའི་ཤེས་བྱའི་དཀྱིལ་འཁོར་མ་ལུས་མཁྱེན་པའི་ཀློང་དུ་ཟླུམ།།

 

གསར་གཏོད་རིག་པའི་བློ་གྲོས་ཉི་མ་དུས་སུ་འཆར་བའི་འོད་བརྒྱའི་གཟིས། །

རྨོངས་པའི་མུན་ནག་དྲུང་ནས་འབྱིན་པའི་རྣམ་དཔྱོད་པདྨའི་འདབ་བརྒྱ་གྲོལ།།

རིག་པའི་སྲང་ལ་དངོས་པོའི་དཔལ་ཡོན་ཚར་དུ་མངར་བའི་ཟེའུ་ཕྲེང་བསྟར།།

ཤེས་བྱའི་སྐྱེད་ཚལ་ཇི་དགར་འཇུག་པའི་རྐང་དྲུག་གཞོན་ནུའི་ལང་ཚོ་བརྟས།།

 

བོད་འབྲེལ་རོགས་སྐྱོར་བརྩེ་བས་རྒྱུན་བསྲིང་ཕྱག་གིས་པདྨོ་ཁ་འབྱེད་པའི། །

ཐོན་ལས་གསར་པའི་འཕེལ་རྒྱས་ལམ་ནས་ཐབས་ཀྱི་ཆུ་ཀླུང་འབུམ་ཕྲག་འགྱེད། །

ཚོགས་ཆེན་ཉི་ཤུའི་དགོངས་དོན་གཅིག་དྲིལ་ཐོས་བརྩོན་རིག་པའི་རྒྱན་སྤྲོས་ཏེ། །

སྐབས་གསུམ་པ་ཡང་ཡིད་དབང་འཕྲོག་སྟེ་རྣམ་ཤེས་མཐོ་སྒང་ལྷུང་ཞེས་གྲགས།།

 

 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1