ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དམངས་སྲིད་ཅུས་ཀྱིས་2023ལོའི་དུས་ཚིགས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁ་གསབ་མ་དངུལ་ཆད་ལྷག་མེད་པར་མི་རེ་ངོ་རེའི་གཱ་གཅིག་ཀུན་འདུས་ཀྱི་རྩིས་ཁྲར་བརྒྱབ་ནས་མང་ཚོགས་རྣམས་དགའ་སྐྱིད་ཁམས་བཟང་གི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
ད་ཐེངས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་115.85དོན་འཁྱོལ་བྱས་པ་དེ་ཐོག་ནས་སྣེ་གདོང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། ཏང་གི་དམངས་ཕན་སྲིད་ཇུས་མི་སེམས་ལ་སྔར་བས་ཟུག་པ། ཞི་མཐུན་སྣེ་གདོང་གི་རྣམ་པ་བཟང་པོ་སྔར་བས་ལེགས་སུ་བཏང་ཡོད།
སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་དབང་པོ་སྐྱོན་ཅན་ཚེ་རིང་ལྷ་འཛོམས་ལ་ཁ་གསབ་མ་དངུལ་སྒོར་1935རག་ཡོད་པས། “དངུལ་འདིས་ངའི་འཚོ་བར་ཕན་པ་ཆེན་པོ་ཐོབ་བྱུང་། ཏང་དང་སྲིད་གཞུང་གིས་ང་ཚོ་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཀྱང་རང་ནུས་ཡོད་རྒུས་ཡོང་འབབ་བསགས་ནས་ཕྱིས་སུ་སྲིད་གཞུང་ལ་རྙོག་དྲ་བཟོ་རྩིས་མེད”ཅེས་ཚེ་རིང་ལྷ་འཛོམས་ཀྱིས་བརྗོད། །