རབ་བྱེད་གཉིས་པ།
༡ བློ་ཡི་མཚན་ཉིད་རིག་པ་ཡིན།།ཞེས་པའི་རང་འགྲེལ་ལས་ཡུལ་རིག་པ་བློ་ཡི་མཚན་ཉིད་དུ་མི་འཐད་པའི་ཚུལ་འདི་ལྟར་གསུངས་ཏེ། རང་རིག་ལ་ཡུལ་མེད་པས་ཤེས་པའི་མཚན་ཉིད་མེད་པར་འགྱུར་རོ།། རང་ཉིད་ཡུལ་ཡིན་ནོ་ཞེ་ན། རང་ལ་ཡུལ་དང་ཡུལ་ཅན་འགལ་ལོ། །དེས་ན་རང་རིག་ལ་ཡུལ་ཡོད་པར་བཤད་པ་ནི་བཏགས་པ་བ་ཡིན་ནོ། །ཞེས་གསུངས་པས་རང་རིག་ལ་ཡུལ་མེད་པར་གྲུབ་བོ་སྙམ། གལ་ཏེ་རང་ལས་རྫས་གཞན་པའི་ཡུལ་མེད་པ་ལ་དགོངས་སོ་སྙམ་ན་དེ་ལྟར་ན་ཕྱོགས་སྔར་སྨྲ་བ་པོས་རང་ལས་རྫས་གཞན་པའི་ཡུལ་རིག་པར་བློ་ཡི་མཚན་ཉིད་བཞག་དགོས་པ་ལས་མ་བཞག་པའི་ཕྱིར་དང་། རང་རིག་ལ་ཡུལ་ཡོད་པར་བཤད་པ་དག་བཏགས་པ་བ་ལ་དགོངས་ཞེས་འགྲེལ་པ་ལ་དགོས་པ་མེད་པའི་ཕྱིར། དེས་ན་ཡུལ་བརྟག་པའི་རབ་བྱེད་ལས་གཞལ་བྱ་རང་མཚན་གཅིག་ཁོ་ན་ཞེས་པའི་རྩ་འགྲེལ་དང་སྦྱར་ནས་ཡུལ་ལ་གཟུང་ཡུལ་གྱིས་ཁྱབ་ཅེས་པ་འདི་ཉིད་དོན་ལ་གནས་པ་མིན་ནམ་སྙམ།
༢ བདེན་པ་ངེས་ཀྱང་ཚད་མིན་ན། །ཇེས་སུ་དཔག་པ་འང་མིན་པར་འགྱུར། །ཞེས་པའི་རང་འགྲེལ་ལས་དོན་བདེན་པ་གསར་དུ་ངེས་ཀྱང་ཚད་མ་མ་ཡིན་ན་རྗེས་སུ་དཔག་པ་ལའང་མཚུངས་སོ། །ཞེས་པའི་གཞུང་གིས་དོན་བདེན་པ་གསར་དུ་ངེས་པའི་བློ་ལ་རྗེས་དཔག་གིས་ཁྱབ་པ་གསུངས་པ་ལྟར་ན་དག་འཛིན་དབང་མངོན་གྱིས་དྲངས་པའི་བུམ་པ་མ་དམིགས་པར་ངེས་པའི་བཅད་ཤེས་དེ་ཚད་མ་ཉིད་དུ་འགྱུར་བའི་སྐྱོན་ཡོད་ཅིང་དེ་ལྟར་ན་ཚད་མ་གསུམ་པ་ཡང་ཐལ་ཏེ་རྟགས་ལ་མ་བརྟེན་པའི་རྗེས་དཔག་མིན་ཞིང་ངེས་ཤེས་ཡིན་པས་མངོན་སུམ་ཡང་མ་ཡིན་པའི་ཕྱིར། །དེའི་ཕྱིར་ན་རྗེས་དཔག་ཚད་མ་ཡིན་ན་དེ་ཚད་མ་མ་ཡིན་པའི་རྒྱུ་མཚན་མེད་དེ་གཉིས་ཀས་ཡུལ་གསར་དུ་ངེས་པར་མཚུངས་པའི་ཕྱིར། གལ་ཏེ་རྗེས་དཔག་གིས་རྟགས་ཡང་དག་ལ་བརྟེན་པའི་ཕྱིར་ཟེར་ན། དེས་ཀྱང་མྱོང་བ་ལ་བརྟེན་པའི་ཕྱིར་དང་རྟགས་ལ་བརྟེན་ནས་ཡུལ་གསར་དུ་ངེས་ཚེ་གསར་རྟོགས་ཀྱི་དོན་ཚང་ན་མྱོང་བ་ལ་བརྟེན་ནས་ཡུལ་གསར་དུ་ངེས་ཚེ་གསར་རྟོགས་ཀྱི་དོན་མི་ཚང་པའི་རྒྱུ་མཚན་མེད་ཕྱིར་རོ། །
༣ བཅད་ཤེས་རིགས་པས་མཐའ་བཅད་ན། །ཞེས་པའི་རང་འགྲེལ་ལས་དཔྱད་ན་བཅད་ཤེས་མ་རྟོག་པར་འདུ་སྟེ། ཚད་མའི་ཡུལ་སྐད་ཅིག་མ་ཉིད་ཀྱིས་འགགས་པའི་ཕྱིར་དང་མ་
འགགས་སུ་ཟིན་ཀྱང་བློས་སྔར་རྟོགས་ཟིན་པའི་ཕྱིར་ཕྱིས་རྟོགས་པར་བྱ་རྒྱུ་མེད་དེ་ཞེས་པ་ནས། བལྟ་བྱ་མེད་པའི་ལྟ་བྱེད་དང་། །ཤེས་བྱ་མེད་ཀྱང་ཤེས་བྱེད་དུ་འདོད་པ་གྲངས་ཅན་
གྱི་ལུགས་སོ། །ཞེས་པའི་གཞུང་དག་གིས་བཅད་ཤེས་ལ་ཡུལ་མེད་པར་གསུངས་ཤིང་། དེ་ལྟར་ན་བཅད་ཤེས་ཤེས་བྱེད་ཀྱི་བློ་མ་ཡིན་པར་འགྱུར་དགོས་ཤིང་དེ་ཡང་མི་རིགས་ཏེ་ཤེས་
བྱེད་ཀྱི་བློ་ཡི་མཚན་ཉིད་ལ་རིག་པ་བཞག་པ་དེར་ཞུགས་པའི་ཕྱིར་དང་། དེ་ལ་དབྱེ་ན་ཚད་མ་དང་ཚད་མིན་གཉིས་ལས་ཚད་མིན་གྱི་བློ་མཚན་ཉིད་པ་ལ་བཤད་པའི་ཕྱིར། ལན། དེས་ན་ཤེས་བྱ་མེད་ཀྱང་ཤེས་བྱེད་དུ་འདོད་པ་གྲངས་ཅན་གྱི་ལུགས་ཞེས་པའི་ཤེས་བྱེད་དེ་ཚད་མ་ལ་གོ་དགོས་སོ། །
༤ ཡང་སྔར་གྱི་རྩ་ཚིག་དེའི་ཐད་ཀྱི་རང་འགྲེལ་ལས། འདིར་ཡང་སྔར་རྟོགས་ཟིན་པ་ཉིད་ཀྱིས་མ་རྟོགས་པ་ཉིད་དོ། །ཡང་སྔར་རྟོགས་པ་དེ་ཉིད་ད་ལྟར་ཡང་རྟོགས་སོ་སྙམ་ན། དེ་མ་
ཡིན་ལ་དེར་འཛིན་པའི་ཕྱིར་ལོག་ཤེས་ཉིད་དོ། །ཞེས་བཅད་ཤེས་ཀྱིས་སྔར་རྟོགས་པ་དེ་ཉིད་ད་ལྟར་རྟོགས་ན་དེ་མ་ཡིན་ལ་དེར་འཛིན་པས་ན་ལོག་ཤེས་འགྱུར་ཞེས་གསུངས་པ་ལྟར་ན་གང་ལྟར་སྔར་རྟོགས་ཟིན་ཀྱི་དོན་ལ་འཇུག་པའི་བཅད་ཤེས་ཀུན་ལོག་ཤེས་སུ་འགྱུར་ཏེ་སྔར་རྟོགས་པ་དེ་ཉིད་ད་ལྟ་འཛིན་པའི་ཕྱིར། དེ་ལྟར་ན་བཅད་ཤེས་མ་རྟོགས་པའི་བློ་ཡིན་པ་མི་འཐད་པར་འགྱུར་ཏེ། ཚད་མའི་འགལ་ཟླ་རྣམ་པ་གསུམ། །འཇུག་ཚུལ་སྒོ་ནས་ཕྱེ་བ་ཡིན། །ཞེས་པའི་རང་འགྲེལ་ལས་ཚད་མ་མ་ཡིན་པའི་བློ་གསུམ་ཁོ་ན་གྲངས་ངེས་སོ་ཞེས་པ་ལྟར་ཚད་མིན་གྱི་བློ་གསུམ་པོ་གྲངས་ངེས་ཀྱི་དབྱེ་བ་ཡིན་པའི་ཕྱིར་རོ། །
༥ ཡུལ་དང་དབང་པོའི་རྡུལ་ཕྲ་རབ། །ཚོགས་པའི་སྐད་ཅིག་ཇི་སྙེད་ཀྱིས། །མྱོང་བའི་རྣམ་ཤེས་གང་བསྐྱེད་པ། །སོ་སོའི་སྐྱེ་བོའི་མངོན་སུམ་ཡིན། །ཞེས་པའི་རང་འགྲེལ་ལས། སོ་སོའི་སྐྱེ་བོའི་མངོན་སུམ་ཚད་མ་ནི་རྡུལ་ཕྲན་སོ་སོ་ལ་མི་འཇུག་གི རྡུལ་ཕྲན་འདུས་པའི་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཇི་སྙེད་ཅིག་གིས་རྣམ་ཤེས་དེ་ཙམ་ཞིག་ཡིན་ནོ། །དེས་ན་རྡུལ་ཕྲན་བསགས་པ་ལ་དམིགས་པ་ཞེས་གསུངས་པའང་དེ་ལ་དགོངས་སོ། །ཞེས་གསུངས་པ་ལྟར་ན་སོ་སོའི་སྐྱེ་བོའི་དབང་ཤེས་རྡུལ་ཕྲན་སོ་སོ་ལ་མི་འཇུག་པ་འདུས་པ་ལ་འཇུག་ཅེས་ཁས་ལེན་དགོས་ཤིང་། དེ་ལྟར་ན་རྡུལ་ཕྲན་འདུས་པ་རང་མཚན་དུ་འགྱུར་ཏེ། དབང་ཤེས་ཀྱི་ཡུལ་ཡིན་པས་སོ། །གལ་ཏེ་རྡུལ་ཕྲན་འདུས་པའི་ཚེ་རྡུལ་ཕྲན་རེ་རེ་ལ་འཇུག་སྙམ་ན། དབང་ཤེས་ལ་རག་པའི་རྣམ་པ་སྣང་བ་དང་འགལ་ཏེ། ཡུལ་ལ་ཇི་ལྟར་གནས་པ་ལྟར་དུ་དབང་ཤེས་སྐྱེས་པ་ཡིན་པའི་ཕྱིར། གཞན་ཡང་དབང་ཤེས་ལ་རག་སྣང་ལས་མེད་པས་རྡུལ་ཕྲན་སྣང་བ་འགལ་ལོ། །
༦ རྫོགས་པར་གྱུར་ཀྱང་མ་བརྙེད་པའོ། །ཞེས་པའི་རང་འགྲེལ་ལས་དབྱེ་བ་གསུམ་དུ་མཛད་པའི་གསུམ་པའི་ཐད་ལས། འོན་ཀྱང་ཤེས་པ་རང་རིག་ལས་དོན་རིག་ཐ་དད་དུ་འཇོག་པ་ལྟར། འཇུག་ཚུལ་ཀྱི་སྒོ་ནས་ཡུལ་གཅིག་ཉིད་ལ་འཛིན་པའི་ནུས་པས་སྟོང་པ་དང་། དེར་འཛིན་ཡང་དེ་མིན་དུ་སྲིད་པ་དང་། དེར་འཛིན་ཡང་དེ་མིན་ཀྱི་གནོད་པའི་ལྡོག་པས་ཐ་དད་དོ། །ཞེས་གསུངས་པས། འཇུག་ཚུལ་གྱི་སྒོ་ནས་ཚད་མིན་གྱི་བློ་གསུམ་ཀ་དོན་རིག་དང་རང་རིག་བཞིན་དུ་སོ་སོར་ངེས་པར་གསུངས་ན། སྒྲ་རྟག་གམ་མི་རྟག་ཅེས་དྲིས་པ་ན་དེར་དཔྱོད་བྱེད་ཀྱི་བློ་དེ་ཡུལ་ལ་ཞུགས་ཀྱང་ཚོལ་བའི་བྱ་བ་རྫོགས་ཀྱང་མ་རྙེད་ནས་མ་རྟོག་པའི་མཚན་གཞི་རུ་གསུངས་པ་དང་འགལ་ལམ་སྙམ། གལ་ཏེ་གཞི་མཐུན་ཡོད་པ་འདོད་ན་དེ་གསུམ་པོ་གྲངས་ངེས་ཀྱི་དབྱེ་བ་གསུངས་པ་དང་འགལ་བ་མིན་ནམ།
༧ དེ་འཛིན་པ་ལ་དེ་མིན་གྱིས། །གནོད་པ་ལོག་ཤེས་དབྱེ་ན་གཉིས། །རྟོག་པ་དང་ནི་རྟོག་མེད་དེ། །སོ་སོར་ཕྱེ་ན་རྣམ་པ་ལྔ། །ཞེས་པའི་རང་འགྲེལ་ལས། ད་ལྟའི་སྔོན་པོ་ལ་འདས་པའི་
སྔོན་པོའོ་སྙམ་པ་བཅད་ཤེས་སུ་བགྲང་བ་དུས་ལ་འཁྲུལ་པ་དང༌། ཞེས་གསུངས་པ་ལྟར་ན་བཅད་ཤེས་དང་ལོག་རྟོག་གི་གཞི་མཐུན་འགྱུར་ཞིང་དེ་ལྟར་ན་བཅད་ཤེས་ཀྱིས་རང་ཡུལ་མ་ངེས་པར་འགྱུར་ཏེ། རང་ཡུལ་ལ་ལོག་རྟོག་ཏུ་སོང་བའི་ཕྱིར། གཞན་ཡང་ཚད་མིན་གྱི་བློ་གསུམ་གྲངས་ངེས་སུ་གསུངས་པ་འཇིག་གོ།
༨ དེར་འཛིན་ན་ཡང་དེ་མིན་སྲིད། །ཐེ་ཚོམ་ཉིད་ཡིན་ཞེས་པའི་རང་འགྲེལ་ལས། མདོར་ན་རྟགས་ལ་མ་ལྟོས་པའི་ལྐོག་གྱུར་ལ་འཇུག་པའི་བློ་ནི་དོན་བདེན་ཡང་རུང་བརྫུན་ཡང་རུང་
བརྟགས་ན་ཐེ་ཚོམ་ཡིན་ནོ། །ཞེས་གསུངས་པ་ལྟར་ན་མངོན་སུམ་གྱིས་དྲངས་པའི་བཅད་ཤེས་ཀུན་ཐེ་ཚོམ་དུ་འགྱུར་ཞིང་། དེ་ལྟར་ན་ངེས་ཤེས་ཡིན་པ་ཉམས་སོ། །གཞན་ཡང་སྒྲོ་
འདོགས་གཅད་མི་ཐུབ་པར་འགྱུར་ཞིང་། དེ་ལྟར་ན་བཅད་ཤེས་ཀྱིས་སྒྲོ་འདོགས་གཅོད་པ་མངོན་སུམ་བཅད་ཤེས་འགོག་སྐབས་མང་དུ་གསུངས་པ་དག་འཇིག་པར་འགྱུར་རོ། །
༩ ཡང་རྩ་བ་དེའི་ཐད་ཀྱི་རང་འགྲེལ་ལས། དེ་ལྟར་ན་ལོག་ཤེས་ཀྱང་དེར་འགྱུར་རོ་ཞེ་ན། མི་མཚུངས་ཏེ་ལོག་ཤེས་ནི་དེར་འཛིན་ཡང་དེ་མིན་གྱི་གནོད་བྱེད་བརྗོད་པས་འགོག་ནུས་ལ།ཐེཚོམ་ལ་སྒྲུབ་བྱེད་དང་གནོད་བྱེད་གཉིས་ཀ་མེད་པས་དགག་སྒྲུབ་ཀྱི་མཐར་མ་ཐུག་པས་ག་ལ་མཚུངས་ཞེས་གསུངས་པ་ཡིན་ན། དགག་སྒྲུབ་ཀྱི་མཐར་མ་ཐུག་ཅེས་པའི་དོན་གང་།གལ་ཏེ་དེ་ལ་གནོད་པ་བསྟན་པས་ཟློག་པ་ལ་དགོངས་སྙམ་ན་ལོག་ཤེས་ལ་མཚུངས་ཤིང་། དེ་མིན་གཞན་པའི་རྒྱུ་མཚན་ཟུར་ཙམ་ཨེ་ཡོད་ན་སྙམ་མོ། །
༡༠ ཀུན་མཁྱེན་ཆེན་པོས་རིགས་གཏེར་གསལ་བྱེད་ལས། ཡིད་དཔྱོད་རང་གི་ངོ་བོ་དགག་ཅེས་གསུངས་པས། ཡིད་དབྱོད་ཀྱི་ངོ་བོའམ་དོན་ལྡོག་ཤེས་བྱའི་ཁམས་སུ་མི་སྲིད་ཅེས་དགག་དགོས་པ་འདྲ་སྣང་ཡང་། དག་འཛིན་དབང་མངོན་ཀྱིས་དྲངས་པའི་བུམ་པ་མ་དམིགས་པ་ངེས་པའི་ངེས་ཤེས་ལ་མཚན་ཉིད་དེ་ཞུགས་པས་དོགས་བཞིན་ཡོད། ལན། དེ་ནི་ཕྱོགས་སྔ་སྨྲ་བ་པོས་ངེས་རྟོགས་གོ་བ་གཅིག་པ་ཁས་བླངས་པའི་རྒྱུ་མཚན་གྱིས་ཏེ། གསར་དུ་ངེས་པ་ཡིན་ན་གསར་དུ་རྟོགས་པ་ཡིན་དགོས་ཤིང་། དེ་ལྟར་ན་རྟགས་ལ་མ་བརྟེན་པ་ལྐོག་གྱུར་བདེན་པ་གསར་དུ་རྟོགས་པའི་བློ་ཡོད་དགོས་ཀྱང་དེ་མེད་པའི་རྒྱ་མཚན་གྱིས་སོ།།
༡༡ མ་རྟོག་པའི་བློ་ཡི་མཚན་ཉིད་ལ་རང་ཡུལ་དེ་དང་དེ་མིན་གང་རུང་དུ་རྟོགས་པའི་སྟོང་པ་ཞེས་གསུངས་པ་ཡིན་ན། ཚད་མིན་གྱི་བློ་ཀུན་ལ་ཡང་ཞུགས་པས་དེ་དག་ཀུན་མ་རྟོག་པར་འགྱུར་རོ། །དེ་ལྟར་ན་ཚད་མིན་ཀྱི་བློ་ལ་གསུམ་པོ་གྲངས་ངེས་ཀྱི་དབྱེ་བར་གསུངས་པ་དང་འགལ་བར་འགྱུར་རོ། །གཞན་ཡང་ཐེ་ཚོམ་གྱི་མཚན་ཉིད་ཀྱི་ཟུར་དུ་དེར་འཛིན་གྱི་བྱེད་པ་མ་ཉམས་པ་དེ་མིན་དུ་འཛིན་པ་སྲིད་པ་ཞེས་གསུངས་ན། གཞལ་བྱའི་རྟགས་ལས་སྒྲ་རྟག་པར་འཛིན་པའི་ཐེ་ཚོམ་ལ་དེར་འཛིན་གྱི་བྱེད་པ་མ་ཉམས་པ་དེ་མིན་དུ་འཛིན་པ་སྲིད་པའི་དོན་གང་། གལ་ཏེ་རྟགས་གང་ཞིག་གིས་སྟོབས་ཀྱིས་གཞལ་བྱ་ལ་རྟག་མི་རྟག་གཉིས་སུ་ཡོད་པར་ངེས་ནས་བློ་རྒྱུན་ཕྱི་མས་མི་རྟག་པ་འཛིན་པ་སྲིད་པས་ཡིན་ན་སྒྲ་རྟག་འཛིན་གྱི་ལོག་རྟོག་ཡང་དེར་འགྱུར་རོ།། ལན། རང་རིག་དང་དོན་རིག་ཝྡོག་ཆ་སོ་སོར་ནས་བཤད་པ་ལྟར། ལོག་རྟོག་གི་སྟེང་དུ་མཐའ་གཞན་དུ་དོགས་པ་སྲིད་པའི་བློ་ཡི་ཆ་ནས་ཐེ་ཚོམ་དང་རང་ཡུལ་ཕྱིན་ཅི་ལོག་ཏུ་འཛིན་པའི་ཆ་ནས་ལོག་རྟོག་དང་དེ་དག་རྟོགས་པས་སྟོང་པའི་ཆ་ནས་མ་རྟོག་པ་འཇོག་པ་ནི་ཀུན་མཁྱེན་བླ་མའི་དགོངས་པ་ཡིན་ནོ། །