གནས་ཆེན་ཉིན་རི་པདྨ་ནི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནས་སྤྱི་ལེ་བརྒྱད་ཅུ་ཡས་མས་ཀྱིས་མཚམས་སུ། ལ་བཞི་འཛིན་པའི་སའི་ཆར་གཏོགས་འཛིན་རྣམ་རྒྱལ་མགོན་ཁང་གི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་སྨི་སུམ་སྟོང་ལྷག་གྱེན་དུ་འཕགས་ཤིང་། རི་རབ་ཚོགས་མཆོད་བཤམ་པ་ལྟ་བུར་མཛེས་སྡུག་དང་བརྗིད་ཉམས་བཅས་ལྷམ་མེར་བཞུགས་ཡོད། དེ་ཡང་བོད་རབ་བྱུང་བཞི་པའི་ཤིང་འབྲུག་ལོར་ཏཱ་མིང་རྒྱལ་པོ་ཇིང་གིར་ཧན་གྱི་སོག་དམག་གིས་བོད་ལ་དཔུང་འཇུག་བྱས་ཏེ་སྤྱི་ལོ་༡༢༤༤ལོར་འཇམ་མགོན་ས་སྐྱ་པཎྜི་ཏ་དགུང་ལོ་རེ་གསུམ་ལ་བཞེངས་པ་ན། བཙན་དབང་གིས་གདན་འདྲེན་ཞུས་ནས་དབུས་སུ་སླེབས་པ་ན་འབྲི་གུང་པ་དང་ཚལ་པ་སྟག་ལུང་པ་སོགས་ཆེ་དགུ་རྣམས་ཀྱིས་མཇལ་འཕྲད་ཞུས་ཤིང་ཚང་མས་རྫོངས་སྐྱེས་ཀྱི་འབུལ་བ་དང་བཅས་སྐྱེལ་མ་བྱས་ཏེ་ཞབས་སོར་འཁོར་ལོའི་རི་མོ་སོག་ཡུལ་གྱི་ལམ་དུ་ཞལ་ཕྱོགས་ཤིང་བསྒྱུར་བར་གྲགས། དེ་ལྟར་ཧོར་སོགས་སུ་གཤེགས་པའི་ལམ་བར་ནས་མདོ་ཁམས་ཀཿཐོག་དགོན་དུ་ཐོག་མར་ཞབས་སོར་བཀོད། དེ་ནས་འཛིན་ཁོག་ཏུ་ཆིབས་བསྒྱུར་མཛད་དེ་ད་ལྟའི་འཛིན་རྣམ་རྒྱལ་མགོན་ཁང་གི་གཙང་ཁང་འདི་ཉིད་བརྟེན་དང་རྟེན་པ་བཅས་བཞེངས་ནས་ཡུན་རིང་བཞུགས་པ་གྲགས། དེ་ནས་བོད་རབ་བྱུང་བཞི་པ་ཤིང་མོ་སྦྲུལ་སྟེ་སྣ་ཚོགས་ཞེས་པ་སྤྱི་ལོ་༡༢༤༥ལོར་ས་སྐྱ་པཎྜི་ཀུན་དགའ་རྒྱལ་མཚན་གྱིས་མགོན་ཁང་དེའི་ཉེ་འཁོར་དགེ་བསྙེན་ཆེན་པོ་འདི་སྔོན་སློབ་དཔོན་པདྨའི་བཀའ་དང་དམ་ལ་གནས་པའི་སྲུང་མ་ཁྱད་པར་ཅན་ཞིག་ཡིན་སྟབས་ཁོང་གིས་གནས་རི་འདིའི་གནས་སྒོ་ཐོག་མར་ཕྱེས་ནས་གནས་བདག་ཏུ་མངའ་གསོལ་མཛད་པ་མ་ཟད་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་གུར་གྱི་བཀའ་ཡི་སྲུང་མར་བསྐུལ་བས་བཀའ་དང་དམ་ལ་གནས་པར་གྲགས། དེ་ནས་བཟུང་ས་གནས་དང་དགོན་སྡེ་ཡོངས་ཀྱི་ལོ་ལྟར་བསང་མཆོད་དང་གསེར་སྐྱེམས་ཕུལ་བའི་སྲོལ་དར། གནས་རི་འདི་ལ་མཁན་པོ་ཀརྨ་རྡོ་རྗེས་མཛད་པའི་བསང་ཡིག་ཅིག་དང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་མཛད་པའི་བསང་བསྡུས་ཤིག་དང་གཉིས་ཡོད་པས། དེ་གཉིས་ཀར་རྣམ་རྒྱལ་མགོན་བླ་རྒྱུན་བཞུགས་དང་དགོན་སྡེ་ཁག་གིས་འདོན་བཞིན་ཡོད།
དགེ་བསྙེན་ཆེན་པོ་གནས་ཆེན་ཉིན་རི་པདྨའི་ཆེ་བ་བརྗོད་པ།
གནས་རི་འདི་ལ་ལོ་རྒྱུས་དང་རིག་གནས་སྐྱེ་ཁམས་དཔལ་ཡོན་སོགས་ཕུན་སུམ་ཚོགས་པའི་ཁྱད་ཆོས་དུ་མས་རྒྱན་པའི་རང་བཞིན་དང་ལྡན་པ་ཞིག་ཡིན་ལ། རྒྱབ་རི་གཡུ་ཤིང་གཡུ་ལོ་རྒྱས་པའི་ཤུག་པ་དང་འབོ་ལོ། དུང་ཤིང་དུང་ལོ་བཀྲ་བའི་སུ་དཀར་དང་སྟག་མ་སོགས། རང་བྱུང་ཁམས་སུ་སྐྱེ་དངོས་ཀྱི་དྲི་ཞིམ་འཁྲིགས་བའི་བདུག་སྤོས་སྣ་ཚོགས་ཀྱིས་སྤྲིན་ཕུང་སྤྲོ་བ། དྭངས་བསིལ་ཡིད་དུ་འོང་བའི་ཆུ་ཕྲན་ལྷུང་ལྷུང་དུ་བཞུར་ཞིང་སྐད་སྙན་གྱི་སྒྲ་དབྱངས་ཐོས་འཛིན་གྱི་དཔལ་དུ་འབྱིན་པ། དཔྱིད་གསུམ་དལ་གྱིས་གཡོ་བའི་དྲི་གཞོན་དང་འགྲོགས་པའི་སྦྲང་ཆར་ཟིལ་མས་ཁྲུས་གསོལ་མཛད་ཅིང་། སྨུག་རླངས་དར་གྱི་ན་བཟའ་ལང་ལིང་དུ་གཡོ་བའི་རྒྱན་གོས་ཀྱིས་གཟབ་འཆོར་སྤྲས་པ་ལ་དུང་བའི་སྒྲ་དབྱངས་སྟོང་གིས་མྱོས་པའི་མོན་གྱི་བུ་མོའི་མགྲིན་པར་བཏེགས་ཤིང་ཀུ་ཧུའི་སྐད་སྙན་འབྱིན་པ། དབྱར་གསུམ་མདུན་རི་སྤང་ལྗོངས་ཡངས་པའི་ཁྱོན་ལ་མེ་ཏོག་སྣ་ཚོགས་ཀྱི་མགོ་ལྕོག་ལྡེམ་ཞིང་རྐང་དྲུག་བུང་བའི་ཚོགས་རྣམས་ལང་ཚོའི་རྩི་བཅུད་ལ་རོལ་བའི་ད་དིར་གྱི་སྒྲ་དབྱངས་སྒྲོག་པས་མཐོ་རིས་ལྷའི་དཔལ་ལ་སྡང་ཞིང་ཅོ་འདྲི་བྱས་པ་དང་ཀུན་ནས་མཚུངས། སྟོན་གསུམ་གསེར་མདངས་འཕྲོ་བའི་སྨན་གྱི་སྐྱེད་ཚལ་ནས་འབྲས་བུ་སྨིན་ཞིང་རྒྱས་པའི་སྲོ་ལོ་དང་། སྤང་སྤོས། སྒོང་ཐོག ཨ་རྩྭ་མགོ་རིལ། སྤྲུ་མ་སྤྲུ། ཁནྜ། དབང་ལག གུ་གུམ་སོགས་རང་བྱུང་ཁམས་ཀྱི་སྨན་སྣ་བརྒྱ་ཕྲག་མང་པོའི་སྐྱེ་དངོས་ཀྱིས་ཕྱུག་པ། དགུན་གསུམ་ལྷག་རླུང་གིས་ཐགས་སུ་དྲུབ་པའི་ཁ་བའི་འདབ་མའི་ན་བཟའ་གསོལ་ཞིང་། དཀར་འཇམ་འོད་དུ་འཚེར་བའི་བརྗིད་ཉམས་དང་ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་ངོམ་པ། གཡོན་ངོས་སུ་རང་བྱུང་མཚོན་ཆའི་ཁང་བཟང་ལས་གྲུབ་པའི་བྲག་རི་རྒོད་ཚང་ཁ་གཡེལ་ལ་མཁའ་འགྲོ་སྟོང་གི་གཤོག་རྩལ་འགྲན་པའི་དཔལ་དང་ལྡན་པ། འདིའི་ཉེ་འཁོར་ཐམས་ཅད་ཀྱི་བྲག་ངོས་དང་རྡོ་ལ་རང་བྱོན་དང་འབྲུ་གསུམ་ས་བོན་ཕྱག་ཞབས་ཀྱི་རྗེས་སོགས་རིག་དངོས་མང་པོ་ཞིག་མཇལ་རྒྱུ་ཡོད་ལ། རང་བྱུང་བྲག་རིའི་ཁང་བཟང་མང་པོའི་སྒྲུབ་ཕུགས་བཞུགས་ཡོད་པ་དང་། གཡོན་ངོས་ཀྱི་སེར་མོ་རིའི་སྐེད་ཙམ་ནརབ་འགོའི་རི་ཁྲོད་ཀྱི་བསྒྲུབ་གནས་ས་ཐོབ་ཀྱི་སེམས་དཔའ་མང་པོ་གཤེགས་ཤུལ་དང་གཏེར་ཆུ་དང་རང་བྱོན་ཕྱག་རྗེས་བཅས་བཞུགས་ཡོད། སེར་མོ་རིའི་རི་འདབས་དང་ཉི་རི་པདྨའི་རི་ཞོལ་འདབས་འབྲེལ་བའི་སར་མཁན་ཆེན་ཀརྨ་བཛྲ་བཞུགས་པའི་བསམ་གཏན་གྱི་དབེན་གནས་འོད་གསལ་ཕུགས་ཞེས་རང་བྱུང་བྲག་རིའི་བྱ་སྐྱིབས་དང་སྦུགས་འབྲེལ་བའི་མཚམས་ཁང་དང་། སྐུ་གདུང་མཆོད་རྟེན་སོགས་བཞེངས་ཡོད་ལ། རྒྱབ་རི་དར་དཀར་གྱི་ཡོལ་བ་བྲེས་པ་ལྟར་སྐྱེ་ནེ་མཆེད་གསུམ་དང་སྐྱེས་རྐྱང་དཀར་མོ། ངོ་ཁྲོ་རྒྱལ་མོ་སོགས་ཀྱི་མཐའ་འཁོར་དུ་གནམ་སྔོན་ཐང་ལ་ལྷུང་བ་ལྟ་བུའི་མགོན་པོའི་བླ་མཚོ་དང་ལྷ་མོའི་བླ་མཚོ་སོགས་ཀྱི་མཐའ་ནས་བསྐོར་བ་བཞུགས་ཡོད། གནས་རི་དེའི་ཕྱོགས་ཐམས་ཅད་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་རིམ་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཤ་རྣ་དགོ་གསུམ་དང་། གཡི་དང་གཟིག་སྤྱང་ཀི་དྲེད་སོགས་དང་། རྒོད་དང་གོ་བོ་བྱ་གག་སོགས་ཆེན་པོའི་རིགས་དང་། རི་བྱི་དང་བསེ་ཐང་རི་བོང་། ཁུ་བྱུག་དང་འཇོལ་མོ་སྲེག་པ་སོགས་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་རིགས་བསམ་གྱིས་མི་ཁྱབ་པས་འཚོ་གནས་བྱས་ཡོད་པ་དང་། མདོར་ ན་གནས་རི་འདིའི་རྒྱས་པའི་ལས་ཀྱི་ཕྲིན་ལས་ལ་མངའ་བརྙེས་པའི་བརྡ་མདུན་ངོས་གྲུ་བཞིའི་དབྱིབས་སུ་གྲུབ་པ། དབང་གི་ལས་ཀྱི་ཕྲིན་ལས་ལ་མངའ་བརྙེས་པའི་བརྡ་རྒྱབ་ངོས་ཟླ་གམ་གྱི་དབྱིབས་སུ་གྲུབ་པ། དྲག་པོའི་ལས་ཀྱི་ཕྲིན་ལས་ལ་མངའ་བརྙེས་པའི་བརྡ་གཡོན་ངོས་གྲུ་གསུམ་གྱི་དབྱིབས་སུ་གྲུབ་པ། ཞི་བའི་ལས་ཀྱི་ཕྲིན་ལས་ལ་མངའ་བརྙེས་པའི་བརྡ་གཡས་ངོས་ཟླུམ་པོའི་དབྱིབས་སུ་རང་བཞིན་ལྷུན་གྱིས་གྲུབ་པ། རྒྱང་རིང་ནས་མཇལ་ཚེ་པདྨ་སྤུངས་པའི་གདན་ལ་ཚོགས་ཀྱི་སྤྲིན་ཕུང་གཏིབ་པ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་རང་བྱུང་ཁམས་ཀྱི་བཀོད་ལེགས་དང་མཛེས་སྡུག་བརྗིད་ཉམས་བཅས་ཀྱི་ཡིད་དབང་འཕྲོག་པའི་གནས་སུ་གྱུར་ཏོ།།
གནས་རི་འདི་ལ་དགེ་བསྙེན་གྱི་མིང་འདོགས་པའི་དགོས་པ་ནི།
སྤྱིར་དགེ་བསྙེན་ཞེས་པའི་མིང་འདིར་འཇུག་ཡུལ་མང་མོད། དེ་ཡང་དགེ་བསྙེན་གྱི་སྐད་དོད་ལེགས་སྦྱར་སྐད་དུ་ཨུ་པ་སི་ཀ་ཞེས་འབྱུང་ལ། ངེས་ཚིག་གི་དབང་དུ་བྱས་ན་དགེ་བའི་ལས་ལ་བསྙེན་ཞིང་གུས་པས་བཀུར་པར་བྱ་བ་སྟེ། ཡུལ་གང་ལ་བསྙེན་པ་དང་ཚུལ་ཇི་ལྟར་བཀུར་བ་བྱ་ཞེ་ན། ཡུལ་ཁྱད་པར་ཅན་བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་སོགས་ལ་བསྟེན་ནས་བསྙེན་བསྒྲུབ་ལས་གསུམ་གྱིས་ཐུགས་རྒྱུད་མཉེས་པར་བྱེད་པའི་ཐབས་སུ་བཀུར་བར་བྱ་བའི་དོན་ལ་འཇུག་པ་ཞིག་སྟེ། སྔོན་སློབ་དཔོན་རིན་པོ་ཆེ་པདྨའི་བཀའ་ལས་མི་འདའ་ཞིང་། རྗེས་སུ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་དམ་ཚིག་ལ་གནས་པར་རྗེས་སུ་དགོངས་ཏེ་བསྟན་པ་སྤྱི་དང་བྱེ་བྲག་ལ་བསྙེན་བཀུར་བྱ་བའི་ལས་ལ་བརྩོན་པ་བྱེད་པའི་བྱེད་ལས་ཀྱི་སྒོ་ནས་མིང་དེ་སྐད་དུ་འདོགས་པར་གྲགས་ལ། དེ་ཡང་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་བསང་བསྡུས་ལས། སྔོན་ཚེ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་གཉེན་པོ་རྗེས་སུ་དགོངས། །རྣལ་འབྱོར་བདག་གི་ཆོས་མཐུན་འདོད་དོན་སྒྲུབས། །ཡུལ་འདིར་ནད་མུག་མཚོན་འཁྲུགས་ཞི་བ་དང་། །ཞིང་ལ་བཙའ་སད་སེར་གསུམ་གནོད་པ་སྲུངས། །ཞེས་གསུངས་པ་ལྟར་རོ།། ཡུལ་ཕྱོགས་འདིར་ལོ་ཉེས་དང་དམག་འཁྲུགས་སོགས་མི་འབྱུང་ཞིང་སྐྱེ་འགྲོའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྡང་གྲོགས་མཛད་པ་མ་ཟད། ཁྱད་པར་དུ་ས་གཡོ་ཆུ་ཐན་ནད་མུག་འཁྲུགས་རྩོད་སོགས་ཀྱིས་རྒུད་པ་ལས་རིང་དུ་བསྲིང་ཞིང་ཞི་རྒྱས་དབང་དྲག་སོགས་ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་རྣམ་དཀར་དགེ་བའི་ལས་ཀྱི་ཁ་འཛིན་དང་སྡོང་གྲོགས་དཔུང་གཉེན་སོགས་མཛད་པར་གྲགས་སོ།།