“གསའ་དང་ང་ནི་ས་གཞི་ཆེན་པོའི་བུ་ཕྲུག་ཡིན”

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-06


འདི་ནི་ཟླ་2ཚེས་22ཉིན་དཀོན་མཆོག་ཆོས་འཕེལ་གྱིས་རྣམ་སྲས་གྲོག་རོང་ཆེན་མོར་སྐོར་སྲུང་བྱེད་བཞིན་པ།

        དཀོན་མཆོག་ཆོས་འཕེལ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་བ་ཡིན་པ་དང་། ནམ་རྒྱུན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་ཤང་ཁོངས་སུ་གནས་པའི་རྣམ་སྲས་གྲོག་རོང་ཆེན་མོར་སྐོར་སྲུང་གི་འགན་འཁུར་གྱི་ཡོད། དམིགས་བསལ་གྱི་གནམ་གཤིས་དང་ས་ཁམས་ཆ་རྐྱེན་གྱི་དབང་གིས་རྣམ་སྲས་གྲོག་རོང་ཆེན་མོའི་མཐོ་གྲང་ཁུལ་གྱི་ལྗོན་ཤིང་ནགས་ཚལ་དང་བྲག་རི་སོགས་སྐྱེ་ཁམས་མ་ལག་སྣ་ཚོགས་གྲུབ་ཅིང་། དེ་གར་གསའ་དང་། གཟིག དྲེད་མོང་། གཡི། ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་སྲོག་ཆགས་ཀྱི་དགའ་ཚལ་དུའང་གྱུར་ཡོད།

        2005ལོའི་གོང་དུ། གསའ་ཡི་རྗེས་ཤུལ་ཧ་ལམ་མེད་པར་གྱུར། 2012ལོར་སླེབས་སྐབས་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་སྔ་རྗེས་སུ་གསའ་ཡི་བརྙན་རིས་པར་ལེན་ཐུབ་པ་དང་། ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་བསྟུན་ནས་སྲུང་སྐྱོང་ཁུལ་དུ་གསའ་ཡང་ཇེ་མང་དུ་ཕྱིན་ཡོད།

        སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དེས་གསའ་ཡི་ལས་དབང་ལ་འགྱུར་ལྡོག་སོང་བ་དང་ཆབས་ཅིག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བ་ཚོའི་ལས་དབང་ལའང་འགྱུར་ལྡོག་འགྲོ་བཞིན་མཆིས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་འཚོ་བ་སྐྱེལ་བཞིན་པའི་དཀོན་མཆོག་ཆོས་འཕེལ་ལྟ་བུའི་འབྲོག་པའི་དུད་ཁྱིམ་ལ་དེ་ལས་ཕན་པ་ཐོབ་པ་སྟེ། 2018ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལོ་ལྟར་སྒོར་དུང་ཕྱུར་3.7བཏོན་ནས་འབྲོག་པའི་དུད་ཁྱིམ་རེར་སྐྱེ་ཁམས་བདག་སྐྱོང་བའི་ལས་གནས་རེ་སྤྲད་པར་ཟླ་རེར་ཡོང་འབབ་སྒོར་1800རག་གི་ཡོད། 2019ལོར་རྣམ་སྲས་ཤང་ལ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་ཀྱི་གཉེར་སྐྱོང་ཚོད་ལྟ་བྱེད་འགོ་འཛུགས་པའི་དབང་ཆ་སྤྲད་པས། མི་རབས་ནས་མི་རབས་བར་ཕྱུགས་འཚོ་བའི་འབྲོག་པ་ཁག་གཅིག“སྣེ་ལེན་པར”བསྒྱུར་ནས་ཡུལ་སྐོར་བར་རང་བྱུང་མཛེས་ལྗོངས་མྱོང་རོལ་དང་། རི་སྐྱེས་སྲོག་ཆགས་ལ་ལྟ་བ། འབྲོག་ཁུལ་གྱི་འཚོ་བ་ཉམས་ལེན་སོགས་ལ་སྣེ་ཁྲིད་བྱེད་ཀྱི་ཡོད།

        “གསའ་དང་ང་ནི་ས་གཞི་ཆེན་པོའི་བུ་ཕྲུག་ཡིན་ལ་ཁྱིམ་ཚང་གཅིག་གི་ནང་མིའང་ཡིན། གསའ་སྐྱིད་ཅིང་བདེ་ན་ང་ཡང་སྔར་བས་སྐྱིད་ཅིང་བདེ་ངེས་རེད། ང་ཚོའི་ཁྱིམ་ཚང་ཆེན་པོ་འདི་ཡང་དེ་བཞིན་དུ་སྐྱིད་ཅིང་བདེ་ངེས་རེད”ཅེས་དཀོན་མཆོག་ཆོས་འཕེལ་གྱིས་བཤད།

འདི་ནི་ཟླ་2ཚེས་21ཉིན་རྣམ་སྲས་གྲོག་རོང་ཆེན་མོ་ནས་པར་བླངས་པའི་གསའ་ཡིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1