མིའི་རིགས་ཀྱིས་དུས་ནམ་ཞིག་ནས་རྟ་བཞོན་པ་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-09


        མིའི་རིགས་ཀྱིས་དུས་ནམ་ཞིག་ནས་བཟུང་རྟ་བཞོན་པ་ཡིན་ནམ། ཉིན་ཤས་གོང་རྒྱལ་ཁབ་མང་པོའི་ཞིབ་འཇུག་མི་སྣ་ལས་གྲུབ་པའི་ཚོགས་པས་ཨ་རིའི《ཚན་རིག་འཕེལ་རིམ》ཞེས་པའི་དུས་དེབ་ཐོག་དཔྱད་རྩོམ་སྤེལ་ནས། ཁོང་ཚོས་ལོ་5000ལྷག་ཙམ་གོང་གི་མིའི་རིགས་ཀྱི་རུས་ཁོག་ཁྲོད་ནས་ད་བར་རྟ་བཞོན་པའི་དཔང་རྟགས་ཤེས་རྟོགས་ཐུབ་བྱུང་ཞེས་བཤད་པ་རེད།

        ཞིབ་འཇུག་མི་སྣས་པུར་ཀ་རི་ཡ་དང་ཕོ་ལན། རོ་མ་ནི་ཡ། ཧང་ག་རི། ཅེ་ཁེ་སོགས་ས་ཁུལ་གྱི་དངོས་མང་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྡོ་ཆས་དུས་རབས་ནས་ཡོང་བའི་མིའི་རིགས་ཀྱི་སྐུ་རུས་200ལྷག་ཙམ་ལ་བརྟག་དཔྱད་བྱས་པ་དང་། དེའི་ཁྲོད་རྟ་བཞོན་རྒྱུ་དང་འབྲེལ་བ་ཡོད་པའི་རུས་པའི་རྣམ་པ་འགྱུར་ལྡོག་བྱུང་ཡོད་མེད་ལ་དབྱེ་ཞིབ་བྱས་པ་རེད། ཞིབ་འཇུག་མི་སྣས་རྟ་བཞོན་རྒྱུ་དང་འབྲེལ་བ་ཡོད་པའི་ཁྱད་ཆོས་ནི“རྟ་པའི་ཕྱོགས་བསྡུས་ཁྱད་ཆོས”ཞེས་བརྗོད་ཀྱིན་ཡོད། དེའི་ནང་དཔྱི་མགོ་དང་རུས་པ། ཚང་སྒམ་བཅས་ཀྱི་ཁྱད་ཆོས་རང་བཞིན་གྱི་བརྡར་ཤུལ་སོགས་ཚུད་ཡོད།

        དབྱེ་ཞིབ་བྱས་པ་ལས་མངོན་གསལ་ལྟར་ན། རུས་པའི་སྐུ་རུས་ལྔ་པོ་ནི་རྟ་བ་ནས་ཐོན་པ་ཞིག་ཡིན་ཞིང་། ཁོང་ཚོ་ནི་ལོ་4500ནས་5000ཡི་གོང་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁུལ་དུ་འཚོ་སྡོད་བྱེད་མཁན་ཡ་མུའུ་ན་ཡ་བ་ཡིན་པ་རེད། དེའི་ཐོག་ཡ་མུའུ་ན་ཡ་བའི་འཚོ་བའི་རྗེས་ཤུལ་ཁྲོད་ཤེས་རྟོགས་བྱུང་བའི་རྟ་གསོ་བ་སོགས་ཐད་ཀྱི་དཔང་རྟགས་བསྣན་ཚེ། ཞིབ་འཇུག་དེས་ཁོང་ཚོས་སྐབས་དེ་དུས་རྟ་བཞོན་ཐུབ་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ཞིབ་འཇུག་མི་སྣས་རྟ་བཞོན་ན་ཡ་མུའུ་ན་ཡ་མིས་ཆ་འཕྲིན་བརྒྱུད་སྤྲོད་དང་མནའ་འབྲེལ་བཙུགས་ནས། ནོར་ཁྱུ་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཕྱི་མ་ནི་ཁོང་ཚོའི་དཔལ་འབྱོར་བྱེད་སྒོའི་རྟེན་གཞི་ཡིན་ཞེས་བཤད་པ་རེད།

        ཞིབ་འཇུག་མི་སྣས་བཤད་དོན། མིའི་རིགས་ཀྱིས་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་ཐོག་རྟ་འདུལ་གསོ་བྱེད་པ་ནི་བརྒྱུད་རིམ་ཞིག་ཡིན་པ་ལས་དོན་རྐྱེན་རྐྱང་པ་ཞིག་མིན། གནའ་རྫས་རྟོག་ཞིབ་པས་དེ་སྔོན་ཤེས་རྟོགས་བྱུང་བའི་མིའི་རིགས་ཀྱི་རྟ་འདུལ་གསོ་བྱེད་པའི་དཔང་རྟགས་ནི་དེ་བས་སྔ་བའི་དུས་སུ་སླེབས་ཡོད། དེའི་ནང་མིའི་རིགས་ཀྱི་སོའི་ཆག་རོའི་ཁྲོད་ནས་རྙེད་པའི་རྟ་ཡི་འོ་མ་ཟས་བའི་དཔང་རྟགས་རྙེད་པ་དང་། དེ་བཞིན་རྟ་ཆས་དང་རྟ་སྲབ་ཀྱིས་ཚོད་འཛིན་བྱེད་པའི་དཔང་རྟགས་སོགས་ཚུད་ཡོད་མོད། འོན་ཀྱང་དཔང་རྟགས་དེ་དག་ཐོག་ནས་མིའི་རིགས་ཀྱིས་རྟ་བཞོན་ཤེས་པ་མཚོན་གྱིན་མེད།

        དབྱིན་ཇིའི་ཨེ་ཁེ་སའེ་ཐེ་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་ཨའེ་ལུན་·ཝུའུ་ཐེ་ལེ་མུའུ་ཡིས། ད་ཐེངས་ཀྱི་ཞིབ་འཇུག་ལས་ད་བར་མིའི་རིགས་ཀྱིས་རྟ་བཞོན་སྔ་ཤོས་ཀྱི་ཐད་ཀའི་དཔང་རྟགས་ཤེས་རྟོགས་ཐུབ་ཡོད་ཅེས་གདེང་འཇོག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1