༄༅། །དྲན་པའི་གས་སྲུབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-11


སྐར་མ་ཁེར་རྐྱང་ཞིག་གནམ་ནས་ས་རུ་ལྷུང་ཚུལ་ལ་བལྟས་ཚེ།
རང་ཉིད་གཞིབ་སའི་ཁོར་ཡུག་ཆུང་ཆུང་འདི་མུན་ནག་གིས་བསྒྲིབས་པར་གཞི་ནས་རྟོགས།
ཤིག་ཤིག་ཏུ་འདར་གྱིན་པའི་ལྩང་ལོའི་ཚོགས་རླུང་བུས་གང་སར་གཡུག་ཀྱང།
ཁེར་ཧྲེང་གི་སྡོང་རྒན་ནི་ངའི་མཁྲིས་སུ་ལུས་པའི་མཚན་རོགས་ཙམ།
དོན་དུ་སྐར་མདའ་དེ་ནི་ཐག་རིང་ནས་བསྐུར་བའི་འཕྲིན་ཐུང་ཞིག་སྟེ།
ཡིག་འབྲུ་རྡོག་པོ་འགའ་ལས་མེད་པའི་འཕྲིན་ཐུང་དེའི་ཐོན་ས་འོང་ཁུངས་དེད་ཚེ།
ངས་དགུང་གི་སྐར་ཚོགས་ལ་ཅེར་བཞིན་བོར་སོང་བའི་སྐར་མའི་འོད་ལམ་བཙལ་ཀྱང།
ཁེར་ཧྲེང་གི་རྡོག་སྒྲས་མུན་གནག་འདིའི་ངོ་གདོང་མི་གཤགས་བྱ་ཐབས་བྲལ།
ཁྱོད་རང་དྲན་ཐེངས་རེར་མེ་ཏོག་གིས་བརྒྱན་པའི་དཔྱིད་ཀའི་དུས་ཚིགས་དེ་དང།
དུས་ཚིགས་དེའི་བདག་པོར་གྱུར་བའི་ལང་ཚོའི་དགོད་སྒྲ་དྲན།
དགོད་སྒྲ་རེ་རེའི་འགྱུར་ཁུག་ཏུ་འཚང་བའི་ངོ་བརྩེ་དུང་གི་གཏམ་རྒྱུད་རེ་ཡོད་ངེས་ལ།
གཏམ་རྒྱུད་རེ་རེའི་གས་སྲུབས་སུ་ང་དང་ཁྱོད་ཀྱི་ཤི་མ་ནུས་པའི་སེམས་པ་རེ་ཡིབ་ཡོད་ངེས།
བཤད་ཚུལ་ཞིག་ལ་ཁྱོད་རང་ཕ་ཡུལ་གྱི་རི་བོ་ཆེན་པོ་དེ་འཛེགས་མ་ཐུབ་པར་ལུས་སོང་ཟེར།
ཁྱོད་རང་ཕ་ཡུལ་གྱི་ཆུ་བོ་ཆེན་པོ་དེ་བརྒལ་མ་ཐུབ་པར་ལུས་སོང་ཟེར།
གང་ལྟར་ཁྱོད་ནི་ཕ་ཡུལ་དུ་གཏན་དུ་ལུས་ཚུལ་དེ་དོ་ནུབ་ཀྱི་མུན་ནག་གིས་ང་ལ་ཡང་ཡང་བཤད།
དེ་དུས་ངས་དུ་བ་ཞིག་ཤུགས་ཀྱིས་རྔུབ་བཞིན།
བསམ་བློ་ཞིག་དལ་གྱིས་གཏོང་བཞིན་སླར་ཡང་སྐར་ཚོགས་ལ་ཅེར།
བརྩེ་དུང་ནི་དབྱར་ཁའི་ཉི་འོད་དང་འདྲ་སྟེ་ཁྲ་ཚོམ་གྱི་མེ་ཏོག་དང་ལྷན་དུ་དགོད།
བརྩེ་དུང་ནི་དགུན་གྱི་འདབ་ལོ་དང་འདྲ་སྟེ་གྲང་འཁྱག་གི་ཁ་བ་དང་ལྷན་དུ་འཐོར།
བརྩེ་དུང་ནི་དངུལ་སྒམ་ནང་གི་ཨ་སྒོར་ལྟར་སུ་ལའང་བདེ་སྐྱིད་སྦྱིན་ཞིང།
བརྩེ་དུང་ནི་སྙིང་རྗེ་བྲལ་བའི་བེའུ་ཁ་བཞིན་ཁྱོད་དང་ང་ལ་འཇིགས་སྐྲག་སྟེར།
སོང་ཟིན་པའི་གཏམ་རྒྱུད་དག་བར་སྣང་གི་གློག་ཕྲེང་བཞིན་སེམས་ཁ་རུ་འཁྱུག
དམ་བཅས་པའི་སྐད་ཆ་ཚོ་གྲོང་ཁྱི་བཞིན་དགོས་མེད་དུ་འདུར་ཞིང་རྒྱུག་པས།
ངའི་དྲན་ཚུལ་ལ་ཚེ་སྲོག་གི་རིན་ཐང་ནི་མིག་ཆུ་རྡོག་གཅིག་ཁོ་ན་སྟེ།
འཇིག་རྟེན་འདི་ནི་ངོ་སོ་མི་བྱིན་པའི་མནའ་མ་ཞིག་དང་འདྲ་བར་གཞི་ནས་རེ་ཐག་ཆད།
སྣོད་བཅུད་ནི་འཛད་མཐའ་བྲལ་བའི་ལོངས་སྤྱོད་ལྡན་པའི་དངོས་པོའི་ཚོགས་ཤིག་ཡིན་ན།
བརྩེ་གདུང་ནི་གྱེན་དུ་འབར་ནས་གསོད་དུ་མེད་པའི་མེ་རིའི་ཕུང་པོ་དེ་ཡིན་ན།
འཚོ་བ་ནི་རྒྱུད་སྐུད་ཐོག་ཏུ་དྲངས་པའི་རེ་བའི་ཕྲེང་རྡོག་རེ་ཡིན་ན།
ང་དང་ཁྱོད་ནི་སྔར་ལྟར་སེམས་མཐུན་གྲོགས་ཀྱི་དྭངས་མ་དེ་ཡིན་ན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1