༄༅། །ལོ་མ་སེར་པོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-11



སྣང་བ་སྒྱུ་མའི་འཕྲུལ་གྱིས་འཇིག་རྟེན་ན་ཉུལ་ཡང་། །

ཞེན་ཆགས་རླུང་བུ་རྒོད་པོའི་ཟིལ་ཤུགས་དེ་བཙན་པས། །

གཟུགས་མེད་རྣམ་རྟོག་དམར་པོའི་བང་རིམ་གྱི་ཀློང་ན། །

ཁྱོད་ཀྱི་རྨི་ལམ་མཐོང་བའི་ལས་སྐལ་དེ་བརྒྱུས་ཡོད། །


དུངས་པའི་མིག་ལ་སྐྱོ་བའི་ཟེའུ་འབྲུ་དེ་ལྷུང་ཡང་། །

རི་ཁྲོད་མལ་དུ་བྱས་པའི་སེམས་རྩ་དེ་འཕར་པས། །

ཟིན་མེད་སྒོ་ལྔའི་དབང་པོའི་གོམ་སྟབས་ཀྱི་རྒྱུ་བ། །

མུ་མེད་འཇིག་རྟེན་གཞན་པའི་འཚོ་བ་ལ་བྲེལ་ཡོད། །


མར་མེའི་སྡོང་བུར་བསྡེབས་པའི་དེ་རིང་གི་དབུགས་རྒྱུན། །

སུ་ལ་དབང་བ་དེ་ཙམ་གཏན་འཁེལ་རང་མེད་ཀྱང་། །

ལྷན་སྐྱེས་བག་ལ་ཉལ་བའི་ལོ་ཟླ་ལ་བསྐུངས་པའི། །

དྲོད་ཀྱི་རླངས་པ་ཡ་ཆུང་སེམས་ཁུངས་ན་འཁྱིལ་ཡོད། །


མིག་ནས་མཆི་མའི་རླབས་ཕྲེང་བར་མེད་དུ་འཇོ་ཡང་། །

ཡིད་ལ་དྲན་གདུང་ཁུར་གྱི་ན་ཟུག་དེ་བཅངས་ནས། །

རྒྱུས་མེད་མེ་ཏོག་ཐང་གི་སྒོ་ཐེམ་རང་བརྒལ་བཞིན། །

གཉུག་མའི་བརྩེ་བའི་དར་གྱི་མདུད་པ་ལས་གྲོལ་འདོད། །


སྟོན་གྱི་སྡོང་ལོ་འཐོར་བའི་ངང་ཚུལ་ལ་བསམ་དུས། །

བརྙན་གྱི་སྣང་ཤས་ལ་ཡང་ངེས་འབྱུང་རེ་འཆར་ཡོང་། །

དོ་ནུབ་ཟླ་བ་འཛུམ་པའི་འགྱུར་བག་ལ་བསམ་དུས། །

སྣང་སྲིད་འཁོར་བའི་གཤིས་ཀྱང་བདེན་སྣང་རེ་ཤར་སོང་། །


ཐོད་ལ་བརྐོས་པའི་ལས་ཀྱི་རི་མོ་དེའི་དབང་ལས། །

ཤར་ནུབ་འགག་གི་བརྒྱུད་ལམ་སོ་སོ་རུ་མཐོང་ཡང་། །

བདག་གིས་རྣམ་དཀར་དགེ་བའི་ཤེལ་དཀར་གྱི་ཆུན་པོ། །

ཁྱོད་ཀྱི་མགོན་སྐྱབས་དཔུང་གི་རྟེན་སྐལ་དུ་འབུལ་ལོ། །



རྩོམ་ཡིག་སྔོན་མ།
༄༅། །དྲན་པའི་གས་སྲུབས།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1