དཔྱིད་འགོའི་དུས་སུ་གནམ་གཤིས་རིམ་བཞིན་དྲོ་རུ་སོང་བ་དང་དུས་མཉམ་དུ་དར་མདོ་གྲོང་ཁྱེར་ཅུ་དཀྱིལ་ཡུལ་ཤོག་གོག་པ་གྲོང་སྡེའི་ར་གྲོད་ཤ་མོའི་འདེབས་འཛུགས་དྲོད་ཁང་གི་ཤ་མོའི་སྐྱེ་ཚུལ་ཧ་ཅང་བཟང་།
ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་ཅུ་དཀྱིལ་ཡུལ་ཤོག་གོག་པ་གྲོང་སྡེས་རོང་ཁུལ་གྱི་གནམ་གཤིས་ཆ་རྐྱེན་དང་ས་ཆའི་ཐོན་ཁུངས་བཟང་པོར་བརྟེན་ནས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།ར་གྲོད་ཤ་མོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད།
གོག་པ་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཀྲང་མུའུ་ཐ་ཡིས་ང་ཚོའི་གྲོང་སྡེས་ད་ལོར་ར་གྲོད་ཤ་མོ་མུའུ80ལྷག་རྨོས་པ་དེ་གཙོ་བོ་ཁྲེང་ཏུའུ་རུ་འཚོང་གི་ཡོད། ད་ཆ་ར་གྲོད་ཤ་མོ་སྐམ་པོའི་ཁྲོམ་རའི་རིན་གོང་སྤྱི་རྒྱ་གང་ལ་སྒོར300ལྷག་རག་གི་ཡོད།མུའུ་གཅིག་གི་ཤ་མོ་སྐམ་རྗེས་སྤྱི་རྒྱ30ཙམ་ཡོད། ད་ལྟའི་ཁྲོམ་རའི་རིན་གོང་ལ་གཞིགས་ནས་རྩིས་བརྒྱབ་ན་མུའུ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི1ཡས་མས་ལ་ཟིན་གྱི་ཡོད་ཅེས་བཤད།
གོག་པ་གྲོང་སྡེས་ཞིང་དུད་དང་འདེབས་འཛུགས། རྟེན་གཞི་བཅས་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ་དྲོད་ཁང་ཚད་ལྡན་ཅན་བསྐྲུན་ནས2018ལོར་ར་གྲོད་ཤ་མོའི་འདེབས་འཛུགས་ནང་འདྲེན་བྱས་པ་དང་འཚོལ་ཞིབ་དང་ལག་ལེན་རྒྱུན་ཆད་མེད་པར་བྱས་ཏེ་ར་གྲོད་ཤ་མོའི་འདེབས་འཛུགས་ལག་རྩལ་དང་དོ་དམ་ཉམས་མྱོང་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས་ས་གནས་དེ་གའི་གྲོང་མིར་ཕྱུག་འགྱུར་གྱི་རེ་བ་གསར་པ་བྱིན་ཡོད།
ར་གྲོད་ཤ་མོ་ནི་དགུན་འདེབས་དཔྱིད་བསྡུའི་བཟའ་བྱའི་ཤ་མོ་ཡིན་ཞིང་།དེའི་ནང་སྤྲི་དཀར་དང་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་ལ་བྲོ་བ་ཞིམ། དེར་འདེབས་འཛུགས་ཀྱི་དུས་འཁོར་ཐུང་བ་དང་།ཕན་འབྲས་བཟང་བ།ཕན་འབྲས་ཐོན་མགྱོགས་པའི་ཁྱད་ཆོས་ཡོད། ར་གྲོད་ཤ་མོ་བསྡུས་རྗེས་དྲོད་ཁང་ནང་སྔོ་ཚལ་འདེབས་རེས་བྱས་ནས་ས་ཞིང་གི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཞིང་སྟོང་པ་མི་ལུས་པ་དང་། ཞིང་གཅིག་ལ་ཡོང་འབབ་མང་པོ་ཡོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཡུལ་སྡེ་དར་རྒྱས་གཏང་རོགས་ལ་ཕན་ཐོགས་ཡོད།
ཀྲང་མུའུ་ཐ་ཡིས་ར་གྲོད་ཤ་མོའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་མདུན་ལམ་ཡག་པོ་ཡོད།ད་ལོར་ནང་མི་ཁ་ཤས་ཀྱིས་ཚོད་ལྟ་བྱས་ནས་དཔལ་འབྱོར་ཕན་འབྲས་ཡག་པོ་ཐོབ་རྗེས་མང་ཚོགས་མང་པོ་ཞིག་གིས་འདེབས་འཛུགས་ཧུར་སེམས་ཆེ་རུ་ཕྱིན་ཡོད།དེར་བརྟེན་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་ཧུར་ཐག་བྱས་ནས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ར་གྲོད་ཤ་མོའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བཞིན་ཡོད་ཅེས་བཤད་པ་རེད།།