༄༅། །བྱིས་པས་ཁང་ཀླད་ལ་གཏོར་སྐྱོན་བཟོས་ནས་ཐིགས་ཆུ་ཡོང་ན་སུས་སྐྱིན་ཚབ་གཞལ་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 03-30



བློ་མཐུན་རྩོམ་སྒྲིག་པ་ལགས།

        ངེད་ཚང་རྫོང་ཐོག་ཏུ་སྤར་ནས་ལོ་ཟླ་འགའ་ཤས་འགོར་ཞིང་། དེང་ཐོག་ངེད་ཚང་གིས་རྫོང་ཐོག་ཏུ་ཁང་པ་ཉོ་དུས་སྒོར་མོའི་ཐད་ནས་ཅུང་དཀའ་ངལ་བྱུང་བས་ཁང་བརྩེགས་ཆེས་ཐོག་མའི་སྟེང་གི་ཁང་པ་མ་གཏོགས་ཉོ་མ་ཐུབ། དུས་རྒྱུན་ངེད་ཚང་གི་ཁང་ཀླད་དུ་གཞིས་ཁུལ་གྱི་བྱིས་པ་མང་པོ་རྩེད་མོ་སྣ་ཚོགས་རྩེ་སྟེ། ཕར་རྒྱུག་ཚུར་རྒྱུག་བྱས་པའི་དབང་གིས་ཁང་ཀླད་ལ་གཏོར་བརླག་མི་ཉུང་བ་ཞིག་བཟོས། ངས་ཐེངས་གང་མང་ཞིག་ལ་བྱིས་པ་དེ་ཚོར་ཁ་ཏ་སློབ་གསོ་བཏང་ཡང་ནུས་མེད་དུ་གྱུར། ད་ལྟ་ཆར་བ་བབས་ཐེངས་རེར་ངེད་ཚང་གི་ཁང་ཀླད་ནས་ཐིགས་ཆུ་མང་པོ་ཡོང་བས་ཁང་པའི་མཛེས་སྤྲས་ཡོངས་སུ་བརླགས་ཚར་ཡོད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངས་སུ་ཞིག་བཙལ་ཏེ་སྐྱིན་ཚབ་གཞལ་དུ་འཇོག་དགོས།

ཞེས་མགོན་སྐྱབས་ཀྱིས།


བློ་མཐུན་མགོན་སྐྱབས་ལགས།

        ཁྱོད་ཀྱིས་བཤད་པའི་གནས་ཚུལ་གཞིར་བཟུང་ན། ད་ལྟ་འཕྲལ་དུ་བསྒྲུབ་དགོས་པའི་བྱ་བ་ནི་ཁྱོད་ཚང་གི་ཁང་ཀླད་དུ་ཐིགས་ཆུ་ཡོང་བའི་རྒྱུ་རྐྱེན་བཙལ་ཏེ། དབང་གནོད་སྐྱིན་ཚབ་སྤྲོད་མཁན་གཙོ་བོ་གཏན་འཁེལ་བྱ་དགོས།

        གལ་ཏེ་ཁྱོད་ཚང་གི་ཁང་ཀླད་ནས་ཐིགས་ཆུ་ཡོང་བའི་རྐྱེན་ནི་བྱིས་པ་རྣམས་ཀྱིས་གཏོར་བརླག་བཟོས་པའི་དབང་གིས་ཡིན་ན། རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། “བྱ་སྤྱོད་སྤེལ་མཁན་གྱིས་ནོར་འཁྲུལ་རྐྱེན་བྱས་ཏེ་མི་གཞན་གྱི་དམངས་དོན་ཁེ་ཕན་ལ་གནོད་འཚེ་བཟོས་ཚེ། དབང་གནོད་འགན་འཁྲི་འཁུར་དགོས། དབང་ཆར་གནོད་འཚེ་བཏང་བའི་བྱ་སྤྱོད་ཀྱིས་མི་གཞན་གྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོས་ན། དབང་ཆར་གནོད་འཚེ་ཕོག་མཁན་གྱིས་དབང་ཆར་གནོད་འཚེ་གཏོང་མཁན་ལ་གནོད་འཚེ་གཏོང་མཚམས་འཇོག་པ་དང་། འགོག་རྐྱེན་སེལ་བ། ཉེན་ཁ་སེལ་བ།གྱོང་གུད་གསབ་འཇལ་ལ་སོགས་པའི་དབང་གནོད་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག”ཅེས་བཀོད་ཡོད། དེར་བརྟེན། ཁྱོད་ལ་བྱིས་པ་རྣམས་ཀྱི་ལྟ་སྐྱོང་མཁན་ལ་ཁྱོད་ཚང་གི་ཁང་ཀླད་ཞིག་གསོ་དང་ཐིགས་ཆུ་ཡོང་ནས་རྒྱུ་ནོར་ལ་གྱོང་གུད་བཟོས་པར་སྐྱིན་ཚབ་གཞལ་དགོས་པའི་རེ་བ་འདོན་དབང་ཡོད།

        གལ་ཏེ་ཁྱོད་ཚང་གི་ཁང་ཀླད་ནས་ཐིགས་ཆུ་ཡོང་བ་ནི་ཁང་པའི་སྤྱི་སྤྱོད་སྦུག་ལམ་དང་ཐོག་ཁང་གི་ཆུ་འགོག་སྤུས་ཚད་སོགས་ཀྱི་གནད་དོན་ལས་བྱུང་བ་ཡིན་ཞིང་། མིས་བཟོས་གནད་དོན་མིན་པར་ཁང་པའི་ཞིག་གསོའི་དུས་ཡུན་བརྒལ་མེད་ན་ཁྱོད་ཀྱིས་ཁང་འཚོང་གསར་སྤེལ་ཀུང་སི་བཙལ་ཏེ་ཐག་གཅོད་བྱ་རུ་བཅུག་ཆོག གལ་ཏེ་ཁང་པ་ཞིག་གསོའི་དུས་ཡུན་ལས་བརྒལ་ཡོད་ན་ཁང་ཀླད་ནི་ཁྱིམ་བདག་ཐུན་མོང་གིས་སྤྱོད་པའི་གནས་ཤིག་ཡིན་པས། ཁྱོད་ཀྱིས་སྡེ་ལས་ཀུང་སིའམ་ཁྱིམ་བདག་ཨུ་ཡོན་ལྷན་ཚོགས་ལ་ཆེད་དོན་ཉམས་གསོའི་མ་དངུལ་ལས་སྒོར་བཀོལ་ནས་ཞིག་གསོ་བྱ་དགོས་པའི་རེ་ཞུ་དབུལ་ཆོག རང་རྒྱལ་གྱི《ཁང་པའི་བཟོ་སྐྲུན་ཨར་ལས་ཀྱི་སྤུས་ཚད་ཉམས་གསོ་འགན་ལེན་བྱེད་ཐབས》ཀྱི་གཏན་འཁེལ་ལྟར་ན། “ཁང་པའི་གྱང་ངོས་ཀྱི་ཆུ་འགོག་བཟོ་སྐྲུན་གྱི་ཆེས་དམའ་བའི་ཞིག་གསོའི་དུས་ཡུན་ནི་ལོ5ཡིན”ཞེས་བཀོད་ཡོད།

        གཞན་ཡང་། རང་རྒྱལ་གྱི《སྡེ་ལས་དོ་དམ་སྲོལ་ཡིག》གི་གཏན་འཁེལ་ལྟར་ན། “སྡེ་ལས་ཀུང་སིར་ཁང་ཀླད་སོགས་ཁྱིམ་བདག་ཐུན་མོང་གིས་སྤྱོད་པའི་གནས་ལ་དུས་བཅད་ལྟར་བརྟག་དཔྱད་དང་གཙང་སེལ། དེ་བཞིན་བདེ་འཇགས་འབྱུང་རྐྱེན་སོགས་མེད་པར་བཟོ་བའི་འགན་འཁྲི་ཡོད”ཅེས་བཀོད་ཡོད། གལ་ཏེ་ཁྱོད་ཚང་གི་ཁང་ཀླད་ནས་ཐིགས་ཆུ་ཡོང་ནི་སྡེ་ལས་ཀུང་སིས་སྲུང་སྐྱོང་གི་འགན་འཁྲི་མ་ཐེག་པའི་རྐྱེན་ཡིན་ན། ཁྱོད་ཀྱིས་སྡེ་ལས་ཀུང་སིར་ཞིག་གསོ་དང་སྐྱིན་ཚབ་གཞལ་འགན་འཁུར་དགོས་པའི་རེ་བ་བཏོན་ཆོག

        ཁྱོད་ཀྱིས་ཆེད་ལས་གསལ་འབྱེད་ལས་ཁུངས་ལ་ཁང་ཀླད་ནས་ཐིགས་ཆུ་ཡོང་བའི་རྒྱུ་རྐྱེན་གསལ་འབྱེད་བྱེད་དུ་འཇོག་དགོས་པར་མ་ཟད། གྱོང་གུད་བཟོས་པར་དཔྱད་འཇོག་བྱ་རུ་བཅུག་སྟེ། དབང་གནོད་གཙོ་བོ་གཏན་འཁེལ་གསལ་པོ་བྱས་རྗེས། གསལ་འབྱེད་མཇུག་འབྲས་གཞིར་བཟུང་ནས་འགན་འཁྲི་ཡོད་མཁན་ལ་སྐྱིན་ཚབ་འཇལ་བའི་ཐད་ཀྱི་དོན་ཚན་གྲོས་མོལ་བྱས་ཆོག གལ་ཏེ་གྲོས་འཆམ་མ་བྱུང་ན། མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཆོག

        མཇུག་མཐར། ཁྱོད་ཀྱིས་བཤད་པའི་དུས་རྒྱུན་ཁྱོད་ཚང་གི་ཁང་ཀླད་དུ་བྱིས་པ་རྣམས་རྩེད་མོ་རྩེ་བའི་བྱ་སྤྱོད་རིགས་འདིར་ཧ་ཅང་ཉེན་ཁ་ཡོད་པས། ཁྱོད་ཀྱིས་བྱིས་པའི་ཁྱིམ་བདག་དང་གཞིས་ཁུལ་གྱི་སྡེ་ལས་ཀུང་སིར་གནས་ཚུལ་དེ་ཡར་ཞུ་བྱས་ཏེ། ཁྱིམ་བདག་གིས་བྱིས་པར་བདེ་འཇགས་སློབ་གསོ་གཏོང་བར་ཤུགས་སྣོན་དང་། སྡེ་ལས་ཀུང་སིས་བདེ་འཇགས་འགོག་སྲུང་བྱེད་ཐབས་ལ་ཤུགས་སྣོན་པ་དང་བདེ་འཇགས་དྲིལ་སྒྲོག་བྱ་བ་བཟང་པོར་བསྒྲུབ་དགོས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1