འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྤྱི་ཟླ་3ཚེས་29ཉིན་ཧའེ་ནན་དུ་བརྟག་ཞིབ་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ། སེམས་ནུས་ཡོད་རྒུ་དང་བརྩེ་བ་ཟབ་མོ་བཅངས་ནས་རྒན་གསོ་དང་སྨན་བཅོས་སོགས་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཆང་དང་ཐོག་ཧའེ་ཁའུ་ཡི་གྲུ་ཁ་གསར་པའི་འགྲུལ་སྐྱེལ་ལྟེ་བའི་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་ཕེབས་ནས། སྒོ་རྒྱག་འཁོར་སྐྱོད་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་སོགས་ཀྱི་སྙན་སེང་ཞུས་པ་གསན་གནང་ཡོད། ཁོང་གིས། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་བསྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཏང་གནང་བ་བཅས་ཀྱི་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་ནས། འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་དང་། ལི་ཆང་གིས། དོ་དམ་བྱེད་ཐུབ་ཚེ་གཞི་ནས་ལྷུག་ཏུ་གཏོང་ཐུབ་པ་དང་། མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གནོན་ཤུགས་ཚད་ལེན་ཚོད་ལྟ་གཏིང་ཟབ་བྱེད་པ། བློ་རིག་དང་། ཕན་འབྲས་ཆེ་བ། མཐུན་སྦྱོར་བཅས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། སྤྱི་ལོ་2025ལོའི་ལོ་མཇུག་ཏུ་གླིང་ཕྲན་ཧྲིལ་པོ་སྒོ་རྒྱག་འཁོར་སྐྱོད་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད།
ལི་ཆང་དེ་རྗེས་ཧྭ་པང་མཛེས་ལྡན་ཁྱིམ་གཞིས(ཧའེ་ཁུང)ཀྱི་ཞའོ་ཚི་ཡོན་དུ་ཕེབས་ནས། ཧའེ་ནན་ཞིང་ཆེན་གྱི་རྒན་གསོའི་བྱ་གཞག་འཕེལ་རྒྱས་དང་རྒན་གསོའི་ལས་ཁུངས་གཉེར་སྐྱོང་བྱས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས་རྒན་གསོའི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། ཁྱིམ་སྡོད་རྒན་གསོ་ནི་རང་རྒྱལ་གྱི་རྒན་གསོའི་རྣམ་པ་གལ་ཆེ་ཤོས་དེ་ཡིན་པས། རྒན་རྒོན་གྱི་རེ་འདོད་ལ་དམིགས་ཏེ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒན་རྒོན་གྱི་ལྟོ་ཆས་ཟ་བ་དང་སྨན་བཅོས་སོགས་ཀྱི་དགོས་མཁོ་ཐག་གཅོད་ཡག་པོ་བྱེད་དགོས། དགེ་མཚན་ལྡན་པའི་རྒན་རྒོན་གྱི་ལྟ་བ་བཙུགས་ནས་བང་རིམ་དབྱེ་བ་དང་རིགས་དབྱེ་བའི་ཐོག་ནས་རྒན་གསོའི་ཞབས་ཞུ་ཡག་པོ་བསྒྲུབས་ཏེ་ལོ་བགྲེས་བྱེད་ནུས་ཉམས་པའི་རྒན་རྒོན་ལ་རྒས་ན་གསོ་མཁན་ཡོད་པ་པ་དང་ལོ་ཆུང་བདེ་ཐང་རྒན་རྒོན་ལ་རྒས་ན་འཚོ་རྟེན་ཡོད་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ལི་ཆང་གིས་རྒན་རྒོན་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས། ཁོང་ཚོ་བདེ་ཐང་དང་། སྤྲོ་སྣང་། ཚེ་རིང་བཅས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། ཁོང་གིས། རྒྱལ་སྤྱིའི་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་གཞི་མཐོ་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་འདུག
ཧའེ་ནན་ཞིང་ཆེན་གྱི་ཀྲུང་ལུགས་སྨན་ཁང་གི་ཅང་ཏུང་ཁུལ་དུ་ཡོད་པའི་སྨན་ཁང་དུ་ལི་ཆང་ནས་ཧའེ་ནན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་དང་ས་ཆ་གཞན་དུ་སྨན་བཅོས་འགྲོ་སོང་རྩིས་ཞུ་སོགས་ཀྱི་སྙན་སེང་ཞུས་པ་གསན་གནང་ཡོད། ཁོང་གིས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་ཆ་གཞན་དུ་སྨན་བཅོས་བྱས་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ལ་དེ་བས་སྟབས་བདེ་དང་དེ་བས་དངོས་ཕན་གྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཆང་གིས་ལི་རིགས་ཀྱི་སྨན་རྫས་སྒོ་བསྟེན་སྨན་ཁང་ལ་གཟིགས་ཞིབ་གནང་ཡོད། ཁོང་གིས། ལི་རིགས་ཀྱི་སྨན་དང་སྨན་རྫས་ཚུད་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ནི་ཀྲུང་ཧྭ་མི་རིགས་ཀྱི་མཆོག་ནོར་ལྟ་བུ་ཡིན་པས། རྒྱུན་འཛིན་གསར་གཏོད་རྒྱུན་འཁྱོངས་བྱས་ཐོག ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནད་འགོག་དང་ནད་གཞི་སྨན་བཅོས་ཀྱི་ཐུན་མིན་བཟང་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་ཡོད། ལི་ཆང་གིས། ལོ་གསུམ་རིང་རྒྱ་ཆེའི་སྨན་དོན་མི་སྣས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱ་ཆེད་འབད་བརྩོན་ཆེན་པོ་གནང་བ་དང་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ཡོད་པས། ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ལི་ཆང་གིས་ཧའེ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཧའེ་ནན་གྱིས་ཧའེ་ནན་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།