༄༅། །བཻ་རོ་ཙ་ནའི་སྒྲུབ་ཕུག་མཇལ་བའི་མཐོང་ཐོས།

གངས་དབང་གིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-31


བན་བོན་དབྱེར་མེད་དུ་དགོངས་པའི་ལོ་ཙཱ་བ།

བཻ་རོ་ཙ་ནའི་སྒྲུབ་ཕུག་མཇལ་བའི་མཐོང་ཐོས།

གངས་དབང་གིས་བྲིས་ཤིང་པར་མཁོ་འདོན་བྱས།


        བོད་ཀྱི་ལོ་རྒྱུས་ནང་སྔར་བྱས་ལས་ལ་འགྱོད་དེ། དཀའ་སྤྱད་ཆེན་པོས་ཐོས་པ་བཙལ་བ་དང་སྒྲུབ་པ་མཛད་རྗེས། མཐར་གྲུབ་པ་ཐོབ་པའི་རྗེ་བཙུན་མི་ལ་རས་པ་དང་། ཆོས་ཀྱི་མིང་ཐོག་ནས་མི་སེར་ལ་མགོ་སྐོར་བཏང་བའི་ལོག་སྤྱོད་ལ་མ་རངས་ཏེ། ཡོད་ཚད་བློས་བཏང་ནས་འགྲོ་ཞོར་འདུག་ཞོར་དུ་དགག་པ་དང་སུན་འབྱིན་མཛད་བཞིན། རྣལ་འབྱོར་པའི་ཚུལ་གྱིས་གང་སར་ཉུལ་བའི་འབྲུག་པ་ཀུན་ལེགས། བན་བོན་གཉིས་ཀྱི་གཞུང་ལ་མཁྱེན་དཔྱོད་ཡངས་ཀྱང་། དམིགས་བསལ་གྱི་ཁོར་ཡུག་ཏུ་ཞེ་སྡང་གི་མེ་ལྕེ་ལས་བྱོལ་ཏེ་ས་མཐར་བགྲོད་པའི་བཻ་རོ་ཙ་ན། སྲིད་དབང་གི་འཁྲུག་རྩོད་ནང་མ་ཉེས་ཁག་གཡོགས་ཀྱིས་བཞུགས་ཁྲི་ལས་ཕབ་སྟེ། ས་མཐར་འཁྱམ་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ། ལོ་རྒྱུས་རིག་གནས་ལ་དག་ཐེར་བཏང་ཞིང་ལྷན་པ་རྒྱག་པའི་ཆེད་དུ། རྒྱལ་ཁམས་རིག་པས་བསྐོར་རྗེས་ཡུལ་དུ་ལོག་ཀྱང་། མཐར་ཁྱི་སྤྱང་ལག་སྤྲེལ་གྱིས་བཙོན་དུ་བཅུག་པའི་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་སོགས། མུན་ནག་ནང་གི་སྐར་ཆེན་ལྟ་བུའི་སྐྱེས་ཆེན་མང་པོ་བྱོན་མྱོང་ལ། ཁོང་ཚོས་ཡོད་ཚད་བློས་བཏང་སྟེ་ཁེར་རྐྱང་ངང་ས་ཆ་ངེས་མེད་འགྲིམས་མཐར། མཐོང་ཐོས་ནོར་གྱིས་གཏམས་ཏེ་རིག་གནས་ལོ་རྒྱུས་ཐོག་ལ་བསུབ་ཏུ་མེད་པའི་ཞབས་རྗེས་བཞག་ཡོད་པ་ལ། ཁྲི་མཐོན་པོའི་ཐོག་དང་གདུགས་ཆེན་པོའི་འོག་ཏུ་མིང་དོན་ལ་བྲེལ་བའི་ཕྱི་རབས་པ་ཚོ་དོ་ཟླར་མི་ཡོང་ངོ་། །

        མཁས་ཆེན་རྔོག་ལེགས་པའི་ཤེས་རབ་ཀྱིས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་འདྲ། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་ཏེ། །ཁོ་བོ་དེ་དྲུང་སྲིན་འབུ་མེ་ཁྱེར་ཙམ། །ཞེས་པ་ལྟར། ལོ་ཙཱ་བ་རྣམས་ལས་བཻ་རོ་ཙ་ན་ནི་མཁས་པའི་ཡང་རྩེར་སོན་པ་ཞིག་ཡིན་ཡང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བློན་པོ་དང་བཙུན་མོ་རྣམས་ཀྱིས་ཕྲག་དོག་བྱས་པས། རྒྱལ་རོང་ལ་སྤྱུགས་པ་རེད་ཅེས་པའི་ལྟ་བ་ལ། ད་སྔོན་བར་ཚང་མ་གཅིག་མཐུན་ལྟར་དུ་སྣང་། བཻ་རོ་ཙ་ན་རྒྱལ་རོང་ལ་ཐོན་རྗེས། རིམ་བཞིན་སློབ་མ་བསྡུས་ཏེ་རིག་གནས་འཆད་ཁྲིད་གནང་བ་དང་། སྒོམ་སྒྲུབ་ཉམས་ལེན་མཛད་དེ་བོད་ཀྱི་ལོ་རྒྱུས་ནང་སུས་ཀྱང་བསུབ་ཏུ་མེད་པའི་བྱས་རྗེས་བཞག་པ་རེད། དེ་ལས་སྒོམ་སྒྲུབ་ཉམས་ལེན་བྱེད་ས་ནི་རྒྱལ་མོ་དམུ་རྡོ་དང་། འབར་ཁམས་བཻ་རོའི་གནས་རི། ཤར་དུང་རི་སོགས་ཡིན་ལ། རྒྱལ་མོ་དམུ་རྡོར་དེང་སང་སེང་གེ་ཕུག་དང་ནོར་བུ་ཕུག །བཻ་རོ་ཕུག་ཅེས་པ་ད་དུང་མཇལ་རྒྱུ་འདུག །

        འབར་ཁམས་ཀྱི་ཤར་ཕྱོགས་ནས་ཐག་མི་རིང་བའི་མཚམས་ན། བེེེ་རོའི་སྒྲུབ་ཕུག་ཡོད་པ་གོ་མྱོང་བས། ཟུང་ཆུ་ནས་ཡོང་སྟེ་འབར་ཁམས་གྲོང་དུ་སླེབ་ལ་ཉེ་དུས། རླངས་འཁོར་ལས་བབ་སྟེ་མི་ཚོ་ལ་དྲིས་པ་ན། གཞུང་ལམ་འགྲམ་ནས་རླངས་འཁོར་གཅིག་ཐར་བ་ཙམ་གྱི་ལམ་ཞིག་རི་སྐེད་ལ་བསྲིངས་ཡོད་པ་དེ་ནི། བཻ་རོའི་སྒྲུབ་ཕུག་ཕྱོགས་སུ་འགྲོ་སའི་ལམ་རེད་ཟེར། སྤྱི་ལེ་གཉིས་ཙམ་ལ་རྐང་ཐང་དུ་སོང་རྗེས། རླངས་འཁོར་ཞིག་ཡོང་བ་དེའི་ནང་བསྡད་དེ་སོང་། སྒྲུབ་ཕུག་ཡོད་སའི་ལུང་པའི་ཁ་ལ་སླེབས་དུས་མཇལ་མི་མང་པོ་ཕར་འགྲོ་ཚུར་འོང་རེད། ལུང་པ་ཟབ་མོ་དེའི་ཚུ་ཁ་ནས་ཐོག་མར་བཻ་རོའི་སྒྲུབ་ཕུག་ཡོད་སའི་བྲག་རི་དེ་མཐོང་བྱུང་ལ། ལྕགས་ཀྱི་སྐས་བཙུགས་ཡོད་པ་དེར་མར་འབབ་དུས། སྒྲུབ་ཕུག་ལ་མཐོ་ས་ནས་མར་ལྟ་དགོས་པ་ཞིག་ཆགས་པས། ཅུང་མ་གོམས་པའམ་མ་བདེ་བ་ཞིག་རེད། གནས་ཆེན་གཞན་དག་དང་འདྲ་བར། གལ་སྲིད་ལུང་པའི་འདབས་ནས་རྐང་ལམ་ཕྲ་མོའི་ཐོག་ཏུ་གོམ་པ་གང་རེ་གང་རེ་སྤོས་ནས་སྒྲུབ་ཕུག་མཇལ་བར་ཡོང་ཐུབ་ན། ཚོར་སྣང་འདྲ་རྒྱུ་མ་རེད་བསམས་བྱུང་།

རྫོང་འགག་རྒྱལ་པོའི་མཁར་རྫོང་། 

        ལྕགས་ཀྱི་སྐས་ལས་བབ་སྟེ་སྒྲུབ་ཕུག་གི་ཁ་ལ་སླེབས་དུས། བྲག་རི་ནམ་མཁའ་ལྟ་བུ་ཞེས་པ་དེ་མཐོ་ས་ནས་གདུགས་ཕུབ་པ་ལྟར་དུ་སྣང་། རུས་སྦལ་དང་འདྲ་བའི་རྡོ་ཕ་བོང་ཆེན་པོ་གཉིས་ཀྱི་ཐོག་ལ་ལྷ་ཁང་དེ་བཞེངས་འདུག །རུས་སྦལ་ནི་ས་ཡོམ་འགོག་པ་དང་མི་མཐུན་ས་དགྲའི་ཁ་ཟློག་པའི་རྟགས་མཚན་ཡིན་མོད། ཅ་དངོས་ཡོད་ཚད་ལ་དེང་སང་གི་རྣམ་པ་ཞིག་མེད་ན་སེམས་མི་བདེ་བའི་མི་ཚོ་ཡིས། རྡོ་ཕ་བོང་ལ་མིག་བརྐོས་ཤིང་ཚོན་བྱུགས་ཏེ་སྦལ་པ་འདྲ་མོར་བཟོ་བཅོས་བྱས་པ་ཡིས། རང་བྱུང་ལྷུན་གྱིས་གྲུབ་པ་ལ་གནོད་པ་ཐེབས་པས་དེ་ཙམ་མཛེས་པ་ཞིག་མ་རེད།  ལྷ་ཁང་མདུན་གྱི་ཤིང་སྐས་ཐུང་ངུ་ཞིག་ལ་འཛེགས་ཏེ་ཐོག་ལ་བུད་དུས། བཻ་རོའི་སྒྲུབ་གནས་འོད་གསལ་ཕུག་གི་གསེར་ཁང་ཞེས་བྲིས་ཡོད་པ་མཇལ་བྱུང་། ལྷ་ཁང་གི་གཡས་ཕྱོགས་སུ་འགྲོ་ལམ་མེད་པས་གཡོན་ཕྱོགས་ནས་འགྲོ་དུས། གཡུ་སྒྲ་སྙིང་པོའི་ཕྱག་མཛུབ་ཀྱི་རྗེས་དང་བཻ་རོ་ཙ་ནའི་ཤངས་དང་སྙན་གྱི་རྗེས་ཡོད་ལ། རྡོ་བརྐོས་རི་མོའང་མང་པོ་འདུག་མོད། རྡོ་བརྐོས་ཀྱི་རིས་ལ་བལྟས་ན་ཡུན་རིང་གི་ལོ་རྒྱུས་ཡོད་ཚོད་མ་རེད། ལྷ་ཁང་ནང་བཻ་རོ་ཙ་ནའི་སྐུ་འདྲ་ཞིག་བཞེངས་འདུག །དེའི་དྲུང་དུ་ཁོང་གི་ཕྱག་བྲིས་རེད་ཅེས་ཡི་གེ་བྲིས་ཡོད་པའི་ཤིང་གི་ལྤགས་པ་དུམ་བུ་གཉིས་སྦྱར་ཡོད་པ་དང་། ཤིང་ལྤགས་དུམ་བུ་གཉིས་ཀྱི་འོག་ཏུ། ལོ་ཆེན་བཻ་རོ་ཙ་ནའི་ཕྱག་བྲིས་ཞེས་ཡིག་འབྲུ་ཆེན་པོ་ཕྲེང་གཅིག་དང་། ཞབས་ལ་ཡར་ལུང་ཕྱོགས་ཀྱི་བསྒྲགས་ཡང་རྫོང་གི་གྲུབ་ཆེན་མེ་ལོང་རྡོ་རྗེའི་གདན་ས་སྔགས་ཕུག་གི་རྟེན་རྙིང་རྣམས་རིག་གསར་སྐབས་གཏོར་བཤིག་བཏང་བའི་གྲས་ནས་རྗེས་སུ་རྙེད་པའི་ཤིང་གི་ཤུན་པ་ལ་བྲིས་པའི་བཻ་རོའི་ཕྱག་བྲིས་འདི་པདྨ་རིག་གསལ་གྱིས་དད་ལྡན་གནས་སྐོར་རྣམས་ལ་དད་རྟེན་དུ་ཕུལ་བ་ལགས་ཞེས་བྲིས་ཡོད་པའི་ཤོག་ལྷེ་ཞིག་སྦྱར་འདུག །ལྷ་ཁང་གི་རྒྱབ་ཀྱི་བྲག་ཕུག་གཏིང་ན་བཻ་རོའི་གཏེར་ཆུ་ངོ་མཚར་ཅན་དེ་སྣང་། གྲྭ་བཙུན་ཞིག་དེ་རུ་ལངས་ཏེ་སྐྱོགས་ཀྱིས་གྲུབ་ཆུ་བཅུས་རྗེས། གནས་མཇལ་པ་ཚོའི་ལག་མཐིལ་དང་དམ་བེ་ནང་ལྡུག་བཞིན་སྣང་། བྲག་ཕུག་གི་གཡས་ཟུར་ན་གུ་རུ་རིན་པོ་ཆེའི་སྐུ་ཞིག་བཞེངས་འདུག །དེ་ནི་བཻ་རོ་ཙ་ནས་ལོ་གསུམ་རིང་སྒོམ་སྒྲུབ་ཉམས་ལེན་མཛད་ས་རེད་ཟེར། བྲག་ཕུག་གི་གཡས་ཕྱོགས་ཀྱི་བྲག་རྩར་རིང་ཚད་ལ་སྨི་བདུན་ཙམ་དང་། སྦོམ་ཚད་ལ་ཁྲེ་ཙེ་གང་ལྷག་ཡོད་པའི་ཤིང་སྡོང་ཞིག་ཡོད་པ་དེ་ནི་བཻ་རོ་ཙ་ནའི་ཕྱག་འཁར་རེད་ཟེར། བཤད་རྒྱུན་དུ། བཻ་རོ་ཙ་ན་རྒྱ་ནག་གླང་ཆེན་འགྱིང་རི་དང་ཆིང་ཁྲིན་རི་བོར་ཕེབས་དུས་སུ་བསྣམས་པའི་ཤིང་གི་འཁར་བ་དེ། ཕྱིར་ལོག་རྗེས་ས་དེ་ན་བཙུགས་པས་སླར་ཡང་ཆེན་པོར་སྐྱེས་པ་དང་། རྗེས་སུ་དད་ལྡན་ཚོས་ཤིང་སྡོང་དེ་ཉར་ཚགས་བྱས་པར་གྲགས། གནས་མཇལ་པ་ཚོས་ཤིང་སྡོང་གི་ལྤགས་པ་ཏོག་ཙམ་བཀོག་ནས་འཁྱེར་སྲིད་པས། ད་ལྟ་དར་གྱིས་དཀྲིས་ནས་རྩེ་མོ་ཙམ་ལས་མཐོང་མ་ཐུབ་པས། ཤིང་རིགས་གང་འདྲ་ཞིག་ཡིན་མིན་ཤེས་མ་ཐུབ་མོད། གྲྭ་པ་རྒན་པོ་ཞིག་གིས་བཻ་རོ་ཙ་ནས་རྫུ་འཕྲུལ་གྱིས་ཐག་རིང་ནས་ཁུར་འོངས་པའི་ཤིང་ཙན་དན་དཀར་པོ་རེད་ཟེར།

བཻ་རོ་ཙ་ནའི་སྒྲུབ་ཕུག 

        དེ་མིན་དཔེ་ཆ་འགའི་ནང་དུ་དགུན་དུས་སུ་ཉི་འོད་བྲག་རིའི་ནང་ལ་འཁོར་བ་དང་། དབྱར་དུས་སུ་ཉི་མ་རྒྱབ་རིའི་རྩེ་ནས་འཁོར་བས་དགུན་དྲོ་ལ་དབྱར་གྲང་བ་དང་། ཕུག་པའི་སྟེང་གི་དཀྱིལ་ན་གུ་རུ་སྣང་སྲིད་ཟིལ་གནོན་རང་བྱོན་དང་། སྒྲུབ་ཕུག་གནས་ཕྱོགས་སུ་མཁའ་འགྲོའི་བྲོ་ལམ་དང་བྲོ་ར། ཁྲུས་ཀྱི་རྫིང་བུ་བཅས་ཡོད་ལ། རླུང་སེམས་ལ་རང་དབང་འབྱོར་བའི་བརྡ་རྟགས་འོག་རླུང་དྲག་ཏུ་ཕུད་པས་བྲག་རྡོ་བཀས་པའི་རྗེས་ཤུལ་དང་། དེའི་མདུན་ལ་བཻ་རོའི་ཕྱག་ཕྲེང་ཐོར་བས་བྲག་རྡོའི་སྟེང་དུ་བརྒྱ་དཔོན་དང་བཅས་ཕྲེང་རྡོག་བཅུ་དྲུག་ཙམ་གྱི་རྗེས་གསལ་པོ་ཡོད་ལ། དེའི་འོག་ལ་བཻ་རོའི་ཐུགས་སྲས་གཡུ་སྒྲ་སྙིང་པོའི་སྒྲུབ་ཕུག་ཡོད་ཅེས་གསུངས་འདུག་ཀྱང་། དུས་ཚོད་ཀྱི་དབང་གིས་ཚང་མ་མཇལ་མ་ཐུབ།

        རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱལ་རོང་ཕྱོགས་སུ་ཕེབས་དུས་ཀྱང་། སྒྲུབ་ཕུག་དེའི་ནང་དུ་ཟླ་གསུམ་ཙམ་གྱི་རིང་ལ་སྒོམ་སྒྲུབ་མཛད་མྱོང་ཞེས་བཤད་རྒྱུན་འདུག 《ཚངས་དབྱངས་རྒྱ་མཚོའི་གསང་རྣམ》དུ། འཇང་གི་ཡུལ་དུ་འགྲོ་བའི་ལམ་དྲིས་ཏེ་སོང་ཡང་འགྲོ་མ་ཐུབ། སླར་རྒྱལ་མོ་རོང་གི་ཕྱོགས་སུ་བལྟས་ཏེ་སོང་བས་དཀར་རྒྱ་དགོན་ཟེར་བ་བཻ་རོའི་ཆོས་ལུགས་བྱེད་པ་ཞིག་ཏུ་སླེབས། དེའི་ཉེ་སྐོར་དུ་བཻ་རོའི་བཞུགས་གནས་བྲག་ཕུག་བཟང་པོ་ཞིག་འདུག་པར་ཟླ་ཤས་བསྡད་པས། ཐུགས་དམ་གྱི་བོགས་དང་ལྟས་ཁྱད་པར་ཅན་འགའ་རེ་བྱུང་། ཞེས་བཀོད་འདུག་པ་ལས་གལ་སྲིད་དཀར་རྒྱ་དགོན་ཡོད་ས་དེ་རྩད་ཆོད་ན། ཚངས་དབྱངས་རྒྱ་མཚོ་བཞུགས་མྱངས་པའི་སྒྲུབ་ཕུག་དེ་ཡིན་མིན་ཐག་ཆོད་ཀྱང་། དེང་སང་འབར་ཁམས་ཀྱི་ཁོངས་སུ་དཀར་རྒྱ་དགོན་པ་ཟེར་བ་ཞིག་མི་འདུག །གཅིག་བྱས་ན་གནའ་དུས་ཡོད་ཀྱང་རྗེས་སུ་གཏོར་བཤིག་ཐེབས་པ་ཡིན་སྲིད་དོ། །

        སྒྲུབ་ཕུག་དེ་བཻ་རོ་ཙ་ནས་དུས་ནམ་ཞིག་ལ་གསར་དུ་རྙེད་དེ། སྒོམ་སྒྲུབ་ཉམས་ལེན་བྱེད་འགོ་ཚུགས་པ་ཡི་གེར་བཀོད་པ་ཞིག་མ་མཐོང་མོད། ཁོང་ཉིད་རྒྱལ་རོང་ལ་བྱོན་རྗེས་ཐབས་དང་བཀོད་པས་གདུལ་བྱ་རྣམས་ལ་ཆོས་གསུངས་ཏེ། དུས་ཡུན་ཅུང་རིང་ཙམ་བརྒལ་རྗེས། གཞི་ནས་དེ་རུ་ཕེབས་ཏེ་སྒོམ་སྒྲུབ་མཛད་པ་འདྲ། བཻ་རོ་ཙ་ན་ཐོག་མར་རྒྱལ་རོང་ལ་འབྱོར་དུས། ས་དེ་གའི་རྒྱལ་པོ་ནི་མདོ་གཞེར་ནག་པོ་ཡིན་ལ། རྒྱལ་པོའི་ཕོ་བྲང་ནི་གཟི་འགག་འོད་འབར་ཡིན་ཞེས་པ་ལྟར་ན། དེང་སང་འབར་ཁམས་ཀྱི་རྫོང་འགག་ཅེས་པ་དེ་ཡིན་དགོས་ལ། རྫོང་འགག་ལ་རྫི་འགག་དང་གཟི་འགག་ཅེས་འབྲི་སྲོལ་ཡང་སྣང་། ད་ལྟ་ས་གནས་དེའི་ཚུ་རོལ་གྱི་རི་ཐོ་ཞིག་ཏུ་མཁར་རྫོང་གཉིས་ཡོད་ཀྱང་། སྔོན་མའི་རྨང་གཞིའི་ཐོག་ནས་བསྐྱར་གསོ་བྱས་པ་ཞིག་རེད། རྒྱབ་ལ་གྲོང་སྡེ་ཞིག་ཡོད་ཀྱང་གྲོང་མི་ཚང་མ་སྤོས་ཏེ་སྟོང་པ་རེད། དེ་མིན་ཕ་རོལ་གྱི་གྲོང་པའི་ནང་ལའང་མཁར་རྫོང་གཉིས་འདུག །

        བོད་བཙན་པོའི་དུས་ཀྱི་རྒྱལ་བློན་རྣམས་ཀྱི་སྙིང་སྟོབས་དང་ཐབས་ཇུས་ལ་རྒྱུས་ལོན་བྱེད་པའི་ཆེད་དུ། ངས་ལོ་རྒྱུས་དེབ་ཐེར་ལ་ཞིབ་ཀྱིས་ལྟ་དུས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། ཆོས་ལ་མི་དགའ་བའི་བློན་པོ་དང་བཙུན་མོ་རྣམས་ཀྱིས་ཕྲག་དོག་བྱས་ཏེ། བཻ་རོ་ཙ་ན་རྒྱལ་རོང་ལ་སྤྱུགས་པ་རེད་ཅེས་པའི་ལྟ་བ་ལ་ཚང་མ་གཅིག་མཐུན་ལྟར་དུ་སྣང་ཡང་། མཐའ་གཅིག་ཏུ་སྤྱུགས་པ་ཡིན་ནམ། དམིགས་བསལ་གྱི་དགོས་པ་ཞིག་གིས་རྒྱལ་རོང་ལ་ཕེབས་པ་ཡིན། དེ་ནི་མདུད་པ་བརྒྱབ་ཡོད་པའི་ལོ་རྒྱུས་དུམ་བུ་ཞིག་རེད།

        རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་ཆོས་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་བའི་ཆེད་དུ། ཕྱོགས་བཞིར་བྱིས་པ་བློ་རིག་བཀྲ་བ་རྣམས་འཚོལ་དུ་བཏང་།

        རྒྱལ་བློན་རྣམས་སྙེ་མོར་སླེབས་དུས་བྱིས་པ་ཞིག་ལ་ཁྱེད་ཀྱི་ཕ་མ་གང་ལ་སོང་ཞེས་དྲིས་པའི་ལན་དུ། བྱིས་པ་དེས་ཕ་ནི་གཏམ་དང་མ་ནི་མིག་འཚོལ་དུ་སོང་ཞེས་ལན་བཏབ། མཐར་ཕ་ཡིས་ཆང་དང་མ་ཡིས་མར་ནག་ཉོ་རུ་སོང་བ་ཤེས་པས། བྱིས་པ་དེས་བསྡུས་བརྗོད་ཀྱི་སྒོ་ནས་གཏམ་ལན་སྤྲད་པ་ལ་རྒྱལ་བློན་རྣམས་ཧ་ལས་ཏེ་བསམ་ཡས་སུ་ཁྲིད་པར་གྲགས།

        བྱིས་པ་དེ་ནི་རྗེས་སུ་སྟོད་སྨད་བར་གསུམ་ན་ཞབས་རྗེས་གང་མང་བཀོད་ཅིང་ཕྱག་རྗེས་མང་པོ་བཞག་པའི་བཻ་རོ་ཙ་ན་རེད། བཤད་སྲོལ་ལ་ཁོང་ནི་བོན་པོའི་ཁྱིམ་རྒྱུད་ཅིག་ལ་འཁྲུངས་ཤིང་། ཆུང་དུས་ནས་དམུ་གཤེན་དྲན་པ་ནམ་མཁའ་སོགས་བོན་གྱི་མཁས་པ་ཚོའི་དྲུང་ནས་སློབ་གཉེར་མཛད་པ་དང་། དགུང་ལོ་བརྒྱད་ཐོག་ནས་བསམ་ཡས་སྒྲ་བསྒྱུར་གླིང་ལ་ཁྲིད་པ་ནས་བཟུང་། མཁན་སློབ་གཉིས་ཀྱི་དྲུང་ནས་ཆོས་དང་ལོ་ཙཱ་ལ་མཁས་པར་སྦྱངས་པས་འཆད་རྩོད་རྩོམ་གསུམ་གྱི་གཞི་སྲ་མོར་བཏིང་འདུག ཐུབ་བསྟན་གྱི་དགོངས་པ་བསམ་ཡས་སུ་བསྒྱུར་ཞིང་སྤེལ་དགོས་ན་མཁན་སློབ་གཉིས་ཡོད་པ་ཙམ་གྱིས་མི་ཆོག་པར་འདུལ་བའི་སྡེ་སྣོད་འཛིན་མཁན་གྱི་དགེ་འདུན་པའང་དགོས་པས། རྗེས་སུ་བོད་མི་རྣམས་རབ་ཏུ་འབྱུང་བར་འོས་མིན་ཉམས་སད་བྱེད་པའི་ཆེད་དུ། བཻ་རོ་ཙ་ན་སོགས་མི་མགོ་བདུན་རབ་ཏུ་བྱུང་བཅུག་སྟེ་སད་མི་མི་བདུན་ཞེས་སྤྱི་མཚན་ཞིག་གནང་།

        བཻ་རོ་ཙ་ན་དགུང་ལོ་བཅོ་ལྔའི་ཐོག་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་དུ་ཆོས་བསླབ་ཏུ་བཏང་། རྒྱལ་པོའི་རེ་བ་དང་རང་གི་ཕུགས་འདུན་སེམས་སུ་བཅངས་ཏེ། རྒྱ་གར་ལ་ལོ་བཅུ་གཉིས་ཙམ་སློབ་གཉེར་བྱས་རྗེས་མཁས་པའི་གོ་འཕང་རྙེད་དེ་ཕྱིར་བོད་དུ་ལོག བོད་དུ་ལོག་དུས་རྒྱལ་པོས་དགའ་བསུ་ཆེན་པོ་བྱས་ཏེ་ཆོས་གཞུང་བསྒྱུར་བ་དང་གསང་སྔགས་ཀྱི་ཆོས་འཁྲིད་པའི་མཐུན་རྐྱེན་གནང་ལ། བཻ་རོ་ཙ་ན་རང་གིས་ཀྱང་བན་བོན་གཉིས་ཀའི་ལུགས་ཤེས་པས། ཤེས་ཡོན་པའི་འགན་འཁྲི་ཆེན་པོ་ཁུར་དུ་བཞེས་ཏེ། བོད་བཙན་པོའི་རྒྱལ་རབས་ཀྱི་འགྲོ་ལམ་དུ་ཤུལ་རྗེས་ཤིག་འཇོག་འདོད་མོད། སྐབས་དེར་ནང་ལ་བན་བོན་གཉིས་ནི་མེ་དང་ཆུ་འཕྲད་པ་ལྟར་ལྷན་གཅིག་ཏུ་གནས་ཐབས་མེད་པའི་འགལ་བ་ཆེ་བ་དང་། ཕྱི་ལ་རྒྱ་གར་གྱི་མཁས་པ་འགའ་ཡིས་བཻ་རོ་ཙ་ནའི་ཟིལ་མ་བཟོད་དེ་ཕྲ་མ་བྱས་པས། བཻ་རོ་ཙ་ནའི་བན་བོན་གཉིས་རིས་སུ་མ་ཆད་པར་མཉམ་དུ་གནས་དགོས་པའི་ལྟ་དགོངས་ཀྱི་མྱུ་གུ་དེ། གྲིབ་བསིལ་གདུགས་སུ་ཕུབ་པའི་ལྗོན་ཤིང་དུ་ཆགས་པར་འགལ་རྐྱེན་མང་པོ་ཕྲད་དེ་རེ་ཞིག་ཅི་བྱ་ཐབས་མེད་དུ་གྱུར།

        དེའི་དུས་སུ་ཞེ་སྡང་དང་ང་རྒྱལ། ཕྲག་དོག་གིས་བཟི་བའི་མི་སྣ་འགའ་ཞིག་ལོ་རྒྱུས་ཀྱི་མེ་ལོང་ལས་གསལ་པོར་བཀྲ་སྟེ།  རྒྱ་གར་གྱི་པཎྜི་ཏ་འགའ་ཡིས་བཻ་རོ་ཙ་ནས་དམ་པའི་ཆོས་མ་རྙེད་པར་བོད་ཕུང་པའི་ངན་སྔགས་སྦྱངས་ཡོད་པ་རེད་ཅེས་ཕྲ་མ་བྱས་པས་བློན་པོ་འགའ་ཡང་དེའི་རྗེས་སུ་འབྲངས་པ་ནི། དོན་དུ་ཆོས་ཀྱི་མིང་ནས་སྲིད་ཀྱི་དོན་གཉེར་བའི་མི་རྣམས་ཀྱིས་ལག་ནང་གི་སྲིད་དབང་འཆོར་བར་དོགས་པའི་གཡོ་ལས་རེད།

        བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་གྱིས། བཻ་རོ་ཙ་ན་ལ་འདོད་པའི་སེམས་ཆགས་ཁུལ་གྱིས་མ་ཉེས་ཁག་གཡོག་བྱས་ཏེ། རྒྱལ་པོ་ལ་བཻ་རོ་ཙ་ན་ས་མཐའ་ལ་སྤྱུག་དགོས་ཚུལ་ཞུས་པ་ནི། དོན་དུ་བློན་པོ་དང་བཙུན་མོ་ཚོས་ལྐོག་ཇུས་ཀྱིས་བཻ་རོ་ཙ་ན་རབ་བྱུང་གི་ཁྲི་ལས་ཕབ་སྟེ། བན་བོན་མཉམ་གནས་ཀྱི་ལྟ་དགོངས་བོད་དུ་དར་སྤེལ་གཏོང་མ་བཅུག་པའི་ཁྲམ་ལས་རེད་སྙམ།

        སློབ་དཔོན་ཁྱེད་ནི་ཅི་བལྟས་ཅི་རུ་མཛེས། །ཅི་གསུང་ཅི་རུ་བདེན་པས་ཆགས་པ་སྐྱེས། །ཞེས་བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་གྱིས་ཆེ་བསྟོད་འབུལ་ཁུལ་བྱས་པ་དང་། གསུང་ངག་འཇམ་པ་བས་ཀྱང་ཞལ་རས་ལེགས། །བནྡེ་སྤྱི་ཟླུམ་ཆོས་ཁུར་བ་ཞིག་གདའ། །ཞེས་བཻ་རོ་ཙ་ན་བསམ་ཡས་དང་ཁ་བྲལ་ཏེ་འགྲོ་དུས་བུད་མེད་ཅིག་གིས་མཐོང་སྟེ་མོའི་ཁྱོ་ག་ལ་དེ་ལྟར་བཤད་པ་བཅས་ལས། ངས་ཕྱི་ཡི་གཟུགས་བྱད་ཡག་པོས་བུད་མེད་ཚོའི་མིག་འཕྲོག་ཅིང་། ནང་གི་ཤེས་རིག་ཡོན་ཏན་གྱིས་སྐྱེས་པ་ཚོའི་སེམས་རླུང་བསླངས་པའི་བཻ་རོ་ཙ་ནའི་གཟུགས་བརྙན་གསལ་པོར་མཐོང་བྱུང་། ཕྱི་ནང་གཉིས་ཀ་ཕུན་སུམ་ཚོགས་ཤིང་རང་ཚུགས་བརྟན་པའི་ཐོག་ལ། གོང་གི་རྒྱལ་པོས་རྩིས་སུ་བཟུང་བས་རིགས་གཅིག་པའི་མི་རྣམས་ལ་ཞེ་སྡང་གི་མེ་ལྕེ་འབར་བ་དང་། ཕྲག་དོག་གི་ཐལ་བ་འཚུབ་པ་ལ་སུས་ཀྱང་བྱོལ་དུ་མེད་དེ། ཐུ་བྷོད་མི་རིགས་ཡར་འགྲོ་མར་འགྲོའི་ལམ་མདོ་རུ་སླེབས་དུས། ལམ་གྱི་ཁ་ཕྱོགས་འཚོལ་མཁན་དང་བདེན་པའི་གནས་ལུགས་སྒྲུབ་མཁན་གྱི་མི་བོ་ཆེ་རྣམས་ལ་དམའ་འབེབས་དང་སྐུར་འདེགས་བྱས་ཏེ། མཁས་པ་མཁས་པའི་ནང་ལ་སྡུག་པ་དང་སེང་གེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་ནི།  མི་རིགས་འདི་ལ་གནའ་ནས་དར་བའི་སྲོལ་རྒྱུན་ཞིག་རེད་འདུག །

        ཐུ་བྷོད་བཙན་རྒྱལ་གྱི་རྒྱལ་པོའི་ཐུགས་སུ་བསྒོམས་པ་ནི། རྒྱལ་རབས་གཏན་འཇགས་ཀྱི་ཆེད་དུ་འབངས་མི་སེར་ཚང་མའི་སེམས་པ་ཕྱོགས་གཅིག་ཏུ་བསྡུ་བའི་བསམ་བློའི་དར་ཆ་ཞིག་དགོས་པ་དེ་རེད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་ཤཱཀྱ་ཐུབ་པའི་ཆོས་བོད་དུ་གདན་དྲངས་རྗེས། བན་བོན་འཁྲུག་རྩོད་ཀྱིས་བློན་པོ་འགའ་གསོན་པོ་དུར་དུ་བཅུག །ལ་ལ་ས་མཐར་སྤྱུགས་པ་བཅས་མི་ཤི་རྟ་འགྱེད་གྱི་ལས་འབྲས་སྨིན་པའི་སྐབས་སུ། མཁས་པ་དང་བློན་པོ། བཙུན་མོ་རྣམས་ཀྱིས་བཻ་རོ་ཙ་ན་སྤྱུག་དགོས་ཞེས་པ་རྒྱལ་པོས་རྣ་རྒྱབ་ཀྱི་རླུང་དུ་བསྒོམས་ན། བཻ་རོ་ཙ་ན་ལྐོག་གསོད་བྱེད་མཁན་ཡོང་སྲིད་པ་དང་། བོད་ཀྱི་མཐའ་ཁུལ་རྒྱལ་མོ་ཚ་བ་རོང་ལ་མཚོན་ན་བོན་ལུགས་ཧ་ཅང་དར་བ་དང་། མི་སེར་རྣམས་དཔའ་རྩལ་ཆེ་ཞིང་གཡུལ་འགྱེད་ལ་བག་ཚ་མེད་པས། གལ་སྲིད་བསམ་བློའི་ཐོག་ནས་དབང་དུ་མ་བསྡུས་ན་རྒྱལ་སྲིད་ལ་ཉེན་ཁ་ཆེ་བ་དང་། བཻ་རོ་ཙ་ན་ལ་བན་བོན་དབྱེར་མེད་ཀྱི་ལྟ་དགོངས་ཀྱི་མྱུ་གུ་འབུས་ཀྱང་། ད་དུང་ལག་ལེན་དུ་བསྟར་བའི་རྒྱུ་རྐྱེན་མ་ཚང་བ་བཅས་ལ་གཞིགས་ནས། རྒྱལ་པོས་བཻ་རོ་ཙ་ན་ལ་རེ་བ་རུམ་གང་བཅོལ་ཏེ་རྒྱ་གར་ལ་མངགས་པ་བཞིན། གཉིས་ཀས་གསང་གྲོས་བྱས་རྗེས་བཻ་རོ་ཙ་ནས་འགན་འཁྲི་ཁུར་དུ་ལྕི་བ་ཞིག་རྒྱབ་ཏུ་བཞེས་ཏེ་རྒྱལ་རོང་ལ་ཕེབས་པ་ནི། 《མདོ་སྨད་ཆོས་འབྱུང་》གི་བདག་པོས་ལོ་ཆེན་བཻ་རོ་ཙ་ན་དགོས་དབང་གིས་རྒྱལ་མོ་ཚ་བ་རོང་དུ་བྱོན་པར་བཤད་པའི་ཡུལ་ཚ་ཁོར་ངོས་འཛིན་ཅིང་སློབ་མ་གཡུ་སྒྲ་སྙིང་པོ་སོགས་ཀྱང་བྱུང་ཞེས་བསམ་རྒྱུ་གོ་རྒྱུ་ཡོད་པའི་གཏམ་ཞིག་གསུངས་ཡོད་དོ། །

        རྒྱལ་རོང་ལ་ཕེབས་པའི་ལམ་དུ། ས་ཆ་གང་དག་ཞབས་ཀྱིས་བཅགས་པ་དང་། མི་སུ་དང་འབྲེལ་འདྲིས་བྱས་མྱོང་བ་བཅས་ལོ་རྒྱུས་ལས་མཐོང་ཐབས་མེད་མོད། ང་མཚོ་སྔོན་མགོ་ལོག་ཁུལ་ལ་འགྲོ་དུས། ས་དེ་གའི་མི་རྣམས་ཀྱི་ངག་རྒྱུན་དུ། བཻ་རོ་ཙ་ན་མགོ་ལོག་ཁུལ་དར་ལག་རྫོང་གི་སྡེར་ནང་ཡུལ་ཚོར་སླེབས་རྗེས་དེ་ན་ཞག་འགའ་བཞུགས་པས་མ་ཚད་བྲིས་རྒྱུན་ཞིག་ཤུལ་དུ་བཞག་པར་གྲགས། དེའི་རྗེས་དུས་རབས་བཅོ་བརྒྱད་པའི་མཇུག་ལ་སྐབས་དེ་དུས་སྡེ་དགེ་ས་ངན་ནས་ཡིན་པའི་བླ་མ་བསྟན་འཛིན་ཞེས་པ་དེས། སྡེ་དགེའི་བྲིས་དཔེའི་རྨང་གཞིའི་ཐོག་ལ་བཻ་རོའི་བྲིས་རྒྱུན་ལ་དཔེ་བལྟས་ཏེ་རྒྱུན་འཛིན་དང་གསར་གཏོད་བྱས་པ་ལ་དེང་སང་སྡེར་ནང་ས་བྲིས་ཞེས་མདོ་དབུས་ཁམས་གསུམ་ལ་སྐད་གྲགས་ཆེ།

        གཅིག་བྱས་ན་སྐབས་དེ་དུས་ཁོང་ལ་འགྲོ་རོགས་གྲིབ་མ་ནག་རིལ་དང་འདུག་རོགས་པུས་མོ་སྐྱ་རིལ་ལས་མེད་མོད། ལུས་སེམས་གཉིས་ལ་རང་དབང་ཐོབ་པའི་བདེ་སྐྱིད་དང་། གནམ་གྱི་ཀ་བ་ལྟ་བུའི་རི་བོ། ས་གཞིའི་སྐ་རགས་ནང་བཞིན་གྱི་ཆུ་བོ། བར་སྣང་ལ་གཤོག་འགྱུར་བརྒྱབ་པའི་བྱ་བྱིའུ་བཅས་ཀྱི་དྲིན་ལས་ཁེར་རྐྱང་གི་སྡུག་བསྔལ་སྤུ་ཙམ་ཡང་ཡོད་མི་སྲིད། འགྲོ་ལམ་ཇི་ལྟར་ཐག་རིང་ཡང་། ཁོང་གིས་རིགས་མཐུན་གྱི་ཕྲག་དོག་གི་ཚེར་མ་དང་རྒྱལ་པོའི་བཅོས་མིན་གྱི་རེ་སྒུག་དྲན་དུས། ཁ་ལ་ཕྱི་འཁོར་མེད། སེམས་ལ་ཡིད་ཆད་མེད། རྐང་ལ་ལོག་འགྱེལ་མེད་པར་རྒྱལ་མོ་ཚ་བ་རོང་གི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ནི། མི་སྡར་མའི་ལས་སུ་སེམས་མི་རུང་སྟེ། གནས་སྐབས་སུ་ཉོན་མོངས་དུག་ཚང་དང་ཐབས་ཀྱིས་བྱོལ་བ་ནི་སླད་ཕྱིན་གནམ་འཕང་གཅད་པའི་ཆེད་དང་། ཕོ་ཐ་མའི་ལས་སུའང་དྲན་མི་རིགས་ཏེ། རེ་ཞིག་ཕ་མ་དང་བཅས་པ་རྒྱབ་ཏུ་བསྐྱུར་བ་ནི། སླད་མར་ཕ་ཡུལ་གྱི་ཡོད་ཚད་པང་དུ་ལེན་པའི་ཆེད་དུ་རེད།

        བྱ་བྱིའུ་བརྒྱ་ཡིས་ནང་དཀྲུག་བྱས་པས་བྱ་རྒྱལ་ཁྱུང་ཞིག་གནས་སྐབས་སུ་བས་མཐར་འཕུར་རྗེས། ཚང་མས་ཅི་ཞིག་གྲུབ་སོང་སྙམ་སྟེ་ཡིད་ཚིམ་ལ་སེམས་མགུ་བའི་ངང་ནས་ལྷོད་པོར་བསྡད་ཀྱང་། ཕྱིན་ཆད་བསམ་ཡས་ཀྱི་ནམ་མཁའ་ལ་འགྱུར་ལྡོག་ཅི་ཡོང་སུ་ཡིས་ཤེས། བཻ་རོ་ཙ་ནས་མན་ངག་ཡོད་ན་གར་སོང་གདུལ་ཞིང་ཡིན་པར་དགོངས་ནས་རྒྱལ་མོ་རོང་དུ་བྱོན། སྐབས་དེར་ཁོ་རང་ཐོག་མར་བྱོན་སའི་རྒྱལ་པོ་ནི་གཟི་འགག་གི་མདོ་གཞེར་ནག་པོ་ཡིན་ལ། རྒྱལ་བློན་རྣམས་ཀྱིས་བཻ་རོ་ཙ་ན་ཤིག་དོང་དང་སྦལ་དོང་ནང་སྦས་ཀྱང་། གནོད་པ་ཅི་ཡང་མེད་པར་སྔར་ལས་གཟི་ཉམས་རྒྱས་པས་ཚང་མ་ཡ་མཚན་པ་དང་། ཉམས་སད་པའི་ཆེད་དུ་བུ་ཤི་བའི་ཕ་མ་གཉིས་དང་རྒན་རྒོན་གཉིས། ལོ་ཆུང་རྒྱན་གྱིས་སྤྲས་པ་བཅས་དྲུང་དུ་ཆོས་ཞུ་བར་མངགས་པ་ན། བཻ་རོ་ཙ་ནས་ཀྱང་གོ་སྐབས་དེ་དང་བསྟུན་ནས་དོན་འདུས་ལ་གོ་བདེ་བའི་ཐོག་ནས་སྐྱེས་མཐར་འཆི་བ་དང་། འཆི་རྐྱེན་ངེས་མེད། རྒྱུ་ནོར་མི་རྟག་རང་བཞིན། ལས་རྒྱུ་འབྲས་སོགས་གསུངས་པས། རིམ་བཞིན་རྒྱལ་པོ་འཁོར་དང་བཅས་པའི་བློ་སེམས་བཀུག་སྟེ་གདུལ་བྱར་གྱུར་ཡང་། རྒྱལ་རོང་དུ་སྔར་ཡོད་ཀྱི་བོན་པོའི་ལུགས་གཏིང་ཟབ་པས་བན་བོན་གཉིས་འོ་ཆུ་འདྲེས་པ་ལྟར་ཟུང་དུ་མ་སྦྲེལ་ན། བསམ་ཡས་སུ་ཡོང་བའི་འཁྲུག་རྩོད་ལྟར་གྲི་རྡར་མཉམ་ཟད་ཀྱི་ཕམ་ཁ་ལས་རྒྱལ་ཁ་ལོན་ཐབས་མེད་པ་མཁྱེན་ཏེ་རྒྱལ་བུ་གཡུ་སྒྲ་སྙིང་པོ་དང་། རྒྱལ་པོའི་སྲས་མོ་གཡུ་སྒྲ་དཔལ་སྒྲོན་སོགས་སློབ་བུ་རྣམས་ལ།  བན་བོན་དབྱེར་མེད་ཀྱི་ལྟ་དགོངས་ཐོག་ནས་ལོ་ཙཱ་དང་རིག་གཞུང་དཔེ་མཁྱུད་མེད་པར་གསུངས་པས་གཡུ་སྒྲ་སྙིང་པོའང་མཁས་པར་ཆགས།

        བཻ་རོ་ཙ་ནས་རིག་གཞུང་ཐད་ནས་ཕན་ཚུན་བསྲེ་རེས་དང་། ཆོ་ག་ཐོག་ནས་བཟང་ངན་བླངས་དོར་གྱིས་བོན་པོར་བན་དྷེ་འདྲེས་ཤིང་། བན་དྷེར་བོན་པོ་འདྲེས་པའི་ཁོར་ཡུག་ཅིག་བསྐྲུན་པས། དེང་སང་རྒྱལ་རོང་གཙོ་བོར་བྱས་པའི་ས་ཆ་རུ། བན་བོན་དབྱེ་བ་མེད་པར་ཚང་མས་བཻ་རོ་ཙ་ན་ལ་དད་བཀུར་བྱེད་པ་དང་། རོང་མི་བྲག་འགོ་རྫོང་གི་སྤྲོ་སྣང་དང་སུམ་པ་ཡུལ་ཚོ་ན། བན་བོན་གང་གི་ཁོངས་སུའང་མ་གཏོགས་པའི་བཻ་རོའི་མཆོད་རྟེན་ཞེས་པ་མཇལ་རྒྱུ་འདུག

        བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ལ་བྱོན་པ་ནི། ཡང་ལྗིད་རྒྱ་མས་བཀྱགས། རིང་ཐུང་འདོམ་པས་འཇལ་རྗེས་ཐག་བཅད་པའི་གདམ་ཀ་ཞིག་རེད་ལ། རྒྱལ་རོང་གི་འཇིག་པ་མེད་པའི་རི་བོ་དང་། རྒྱུན་ཆད་མེད་པའི་ཆུ་བོ། དཀའ་སྣང་མེད་པའི་མི་སེར་བཅས་ཕྱི་ནང་གི་རྟེན་འབྲེལ་བཟང་པོས་ཕྱིར་མི་ལྡོག་པའི་ཐར་ལམ་ཞིག་རྙེད་པ་རེད། དེ་ནི་ཕ་ཡུལ་དང་ཁ་བྲལ་ཏེ་མི་ཡུལ་ལ་སོང་རྗེས། གཞི་ནས་བསམ་སྤྱོད་ལ་འབྲས་བུ་སྨིན་ཏེ་རྙེད་པའི་མི་ཚེའི་ཐར་ལམ་ཞིག་རེད།

བཻ་རོ་ཙ་ནའི་སྒྲུབ་ཕུག་ནང་གི་རྡོ་བརྐོས། 

        དེ་ལྟར་གོང་ནས་དབང་སྒྱུར་པས་ཐུགས་ཁུར་དང་། འོག་ནས་འབངས་མི་སེར་གྱིས་རྒྱབ་སྐྱོར་བྱས་པར་བརྟེན། རྫི་འགག་གི་འདབས་སུ་མདོ་ལུགས་ཀྱི་དགོན་པ་ཀྱོ་བོ་ནོར་བུ་གླིང་དང་། ཁྲོ་ཆུའི་མཐིལ་དུ་སྔགས་ལུགས་ཀྱི་དགོན་པ་བདེ་ཆེན་གླིང་ཞེས་རྒྱལ་རོང་ས་ཆ་ལ་གཙུག་ལག་ཁང་བཞེངས་གྲུབ་བྱུང་སྟེ། བན་བོན་དབྱེར་མེད་ཀྱི་ལྟ་བའི་ཐོག་ནས། རྒྱལ་བློན་དང་མི་སེར་ཚང་མ་ཆོས་སུ་བཙུད་པའི་འཕྲིན་ལས་གྲུབ་ཡོད་ཀྱང་། བོད་དབུས་ན་ད་རུང་སྔོན་མ་ལྟར་བན་བོན་གྱི་འཁྲུག་རྩོད་ཡོད་མེད་དང་། རྒྱལ་བློན་དང་མཁས་གྲུབ་རྣམས་ཀྱི་ལྟ་དགོངས་གང་འདྲ་ཡིན་མིན་གསལ་པོར་མ་མཁྱེན་པས། གཡུ་སྒྲ་སྙིང་པོ་ལ་མི་ཕལ་པའི་ཆས་སྤྲས་ཏེ་སྦས་པའི་ཚུལ་གྱིས་བསམ་ཡས་སུ་ལོ་པཎ་གང་དང་སུ་ཞིག་བཞུགས་ཡོད་པ་དང་། ཆོས་ཅི་ཞིག་འཆད་བཞིན་ཡོད་པ་རྒྱུས་ལོན་བྱེད་དུ་མངགས་པ་རེད། གཡུ་སྒྲ་སྙིང་པོ་བསམ་ཡས་ལ་ཐོན་རྗེས། པཎ་ཆེན་བི་མ་ལ་མི་ཏྲ་ལ་བཻ་རོ་ཙ་ནས་རྒྱལ་མོ་ཚ་བ་རོང་ཀུན་ཆོས་ལ་བཙུད་ཚུལ་ཞུས་པས། རྒྱལ་བློན་ཐམས་ཅད་དགའ་བ་དང་། བཻ་རོ་ཙ་ན་རྒྱལ་རོང་དུ་སྤྱུགས་པ་ལ་འགྱོད་པ་སྐྱེས་ཚུལ་ལ་བལྟས་ན། བོད་དབུས་སུའང་མཁན་སློབ་ཆོས་གསུམ་དང་ལོ་པཎ་རྣམས་ཀྱི་དྲིན་ལས། སྔོན་དང་མི་འདྲ་བར་ཁོར་ཡུག་ཅུང་ལྷོད་པོར་ཆགས་ཡོད་པ་འདྲ་སྟེ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས།  ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་དཀྱིལ་སྨད་ཙམ་ན། བོན་ཆོས་གཉིས་དར་ནུབ་ཅུང་ཟད་རེ་བྱུང་ནའང་སྐུ་ཚེའི་སྨད་ནས་བོན་ཆོས་གཉིས་མཉམ་དུ་སྤྱོད་དེ། གནམ་ལ་ཉི་ཟླ་ཕྲུག་གཅིག །ས་ལ་བན་བོན་སྡེབ་གཅིག་ཟེར་བ་བྱུང་། ཞེས་གསུངས་འདུག་གོ །

བཻ་རོ་ཙ་ནའི་ཕྱག་འཁར་ལས་འཁྲུངས་པའི་ཤིང་སྡོང་།


        དེ་ནས་གཡུ་སྒྲ་སྙིང་པོ་ཕྱིར་རྒྱལ་རོང་གི་ཕོ་བྲང་གཟི་འགག་འོད་འབར་དུ་ལོག་སྟེ། བཻ་རོ་ཙ་ན་ལ་གནས་ཚུལ་ཞིབ་ཏུ་ཞུས་པས། བཻ་རོ་ཙ་ན་ཡང་ཤིན་ཏུ་དགྱེས་ཏེ་བསམ་ཡས་སུ་བྱོན། ལ་ལ་ཡིས་ཁྲི་སོང་ལྡེ་བཙན་ཞལ་བཞུགས་དུས་གདན་དྲངས་པར་བཤད། འགའ་ཤས་ཀྱིས་བཻ་རོ་ཙ་ན་ཕྱིར་བསམ་ཡས་ལ་ལོག་དུས་ཁྲི་སྲོང་ལྡེ་བཙན་འདས་ཟིན་པ་རེད་ཟེར། གང་ལྟར་ཁོང་བསམ་ཡས་ལ་ལོག་ཏེ་སྒྲ་བསྒྱུར་གྱི་ལས་ལ་ཞུགས་པས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། །ཞེས་ནམ་མཁའི་མཐའ་དང་མཉམ་པའི་བཻ་རོ་ཙ་ན་ལ་སྙན་པའི་གཏམ་ཞིག་གྲགས་སོ། །

བཻ་རོ་ཙ་ནའི་ཤངས་རྗེས། 

        ལྟ་བ་དང་ལངས་ཕྱོགས་མི་འདྲ་བས་བསླངས་པའི་འཁྲུག་རྩོད་ཀྱིས་སྤྱི་སྒེར་གཉིས་ཀ་ཕུང་ལ་སྦྱར་བས། བཻ་རོ་ཙ་ན་ལ་བན་བོན་གཉིས་ཆུ་དང་གྲམ་པ་ལྟར་མཉམ་དུ་གནས་དགོས་པའི་ལྟ་དགོངས་ཀྱི་མྱུ་གུ་ཞིག་འཁྲུངས་ཀྱང་། མྱུ་གུ་དེ་ལ་མཐོ་ས་ནས་ཉི་འོད་དང་དམའ་ས་ནས་ཆར་ཆུ་མ་འཛོམས་པས། གནས་སྐབས་སུ་རྒྱལ་པོའི་རེ་བཅོལ་དང་རང་ཉིད་ཀྱི་ཕུགས་འདུན་ལམ་རྒྱགས་སུ་ཁྱེར་ཏེ་ས་མཐར་མྱུལ་དགོས་ཐུག །མཐར་རྐྱེན་ངན་གྲོགས་སུ་ཤར་ཏེ་མྱུ་གུ་དེ་གྲིབ་བསིལ་གདུགས་སུ་ཕུབ་པའི་དཔག་བསམ་ལྗོན་ཤིང་དུ་ཆགས་པས། བཻ་རོ་ཙ་ན་ཞེས་དུས་བོན་པོ་རྣམས་ཀྱི་སྣང་ངོར་བན་དེ་དང་བན་དེ་རྣམས་ཀྱི་མིག་ལམ་དུ་བོན་པོར་སྣང་བ་ནི། ང་ཚོའི་མདུན་དུ་ལྷང་ངེར་ལྷན་ནེར་བཞེངས་པའི་དྲང་འཁྱོག་མ་ཤོར་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད།

        འཚོ་གཞེས་ཀྱི་གནས་བབ་དང་ལོ་རྒྱུས་ཀྱི་ཁོར་ཡུག་མི་འདྲ་བའི་ནང་དུ་རིག་གནས་མི་འདྲ་བ་འཁྲུངས་ཤིང་། རིག་གནས་མི་འདྲ་བས་ལྟ་བ་མི་འདྲ་བའི་བར་དུ་འགལ་ཟླ་ལངས་པ་ནི་ཆོས་ཉིད་ཅིག་ཡིན་མོད། འགལ་ཟླ་དེ་ཐག་གཅོད་དགོས་ན་རིག་གནས་མ་གཏོགས་གཞན་ལ་རྟེན་ཐབས་མེད་པ་ཞིག་རེད།

        ལོ་རྒྱུས་སྦྱངས་ན་མི་ནི་ཐབས་ལ་མཁས་པའི་བློ་རིག་ཅན་དུ་འགྱུར་ཞེས་པ་ལྟར། ལོ་རྒྱུས་ཀྱི་རིན་ཐང་ནི་འདས་ཟིན་པའི་དོན་རྐྱེན་ཨ་བཤད་ཡང་བཤད་རྒྱག་པ་དེ་མིན་པར། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་ཞིག་ཆགས་རྒྱུ་ནི་གནད་ཀྱི་དམ་པ་ལགས་པས། དེང་སང་བོན་པོ་དང་བནྡེ། གསར་པ་དང་རྙིང་པ། སྲོལ་རྒྱུན་དང་དེང་རབས་ཞེས་འགལ་བ་ལྟག་སྤྲོད་དུ་ལངས་ནས་རྩོད་པའི་འཁོར་ལོ་སྐོར་བའི་སྐབས་སུ། བཻ་རོ་ཙ་ན་ཡིས་བན་བོན་དབྱེར་མེད་ཀྱི་ལྟ་བས་ཁ་ལོ་བསྒྱུར་བའི་མི་ཚེའི་བཤུལ་ལམ་དུ། མིག་གཉིས་ཕྱེ་ན་བལྟ་རྒྱུ་དང་རྣ་བ་གཏད་ན་མཉན་རྒྱུ་མང་པོ་ཡོད་དོ་སྙམ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1