སྡེ་དགེ་རྫོང་སྲིད་གྲོས་ཀྱི་དོན་དག་ཡོད་ན་གྲོས་མོལ་དུ་ཕེབས་ཞེས་པའི་ལས་སྟེགས་ཀྱིས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འབྲོག་པ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ།
ཐོན་ལས་དར་རྒྱས་གཏང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་ཀ་གལ་ཆེན་ཞིག་ཡིན་ཞིང་། ཕྱུག་པོ་ཆགས་འདོད་ན། སྔོན་ལ་ཐོན་ལས་འཕེལ་རྒྱས་གཏང་དགོས། ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ནི་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། དོན་དག་ཡོད་ན་གྲོས་མོལ་དུ་ཕེབས་ཞེས་པའི་ལས་སྟེགས་འཛུགས་པ་ནས་བཟུང་། རྫོང་སྲིད་གྲོས་ཀྱིས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། སྡེ་དགེ་རྫོང་གི་དོན་དངོས་ལ་གཞི་བཙུགས་ཏེ་གྲོང་ཚོ་རིམ་པའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་ཤུགས་སྣོན་བརྒྱབ་ནས། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏང་རྒྱུར་ཧུར་བརྩོན་བྱས།
དུས་སྐབས་སྔ་མར། རྫོང་སྲིད་གྲོས་དང་དགོན་ཆེན་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་འབད་བརྩོན་བྱས་པའི་འོག །དགོན་ཆེན་གྲོང་རྡལ་ལྔ་གཅིག་ཟམ་པའི་གྲོང་ཚོའི་འབྲི་གཡག་ཞལ་འདེབས་འབུལ་བའི་མཛད་སྒོ་དང་སྡེ་དགེའི་བདེ་ཆོ་ཞིང་པའི་ཆེད་ལས་མཉམ་ལས་སྒོ་བྱང་བཀལ་བའི་མཛད་སྒོ་དེ་ལྔ་གཅིག་ཟམ་པའི་གྲོང་ཚོའི་ཨུ་ལྷན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཞིང་ཆེན་ཆུ་བེད་འཕེལ་རྒྱས་ཚོགས་པས་ལྔ་གཅིག་ཟམ་པའི་གྲོང་ཚོར་སྤྱིའི་རིན་ཐང་སྒོར་ཁྲི་55རི་བའི་འབྲི་གཡག་70ཞལ་འདེབས་ཕུལ་ནས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེར་སྐྱེད་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་ཆེད་སྒུལ་ནུས་གསར་པ་བསྣན་ཡོད།
ཉེ་ཆར། མ་ཎི་གད་འགོའི་གདོང་བཙན་གྲོང་ཚོས་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་གྲོས་འགོ་བཏོན་པར་རྫོང་སྲིད་གྲོས་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་པ་མ་ཟད། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞིས་ཀྱང་རུ་སྣེ་ཁྲིད་དེ་གདོང་བཙན་གྲོང་ཚོར་བརྟག་དཔྱད་ཞིབ་འཇུག་ཐེངས་མང་བྱས། གྲོང་ཚོ་དེར་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་འཚམ་པོ་ཡོད་པ་ཤེས་རྗེས། ཐབས་ལམ་མང་པོ་དང་ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་པ་དང་། གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་དེ་མགྲིན་གཅིག་ཏུ་འབྲི་གཡག་88ཉོ་རྒྱུའི་ཐག་གཅོད་བྱས་ཞིང་། རིན་ཐང་བསྡོམས་འབོར་སྒོར་ཁྲི་70བཏང་ནས། གདོང་བཙན་གྲོང་ཚོར་འབྲི་གཡག་ཐོན་ལས་འཕེལ་རྒྱས་བཏང་པ་རེད། དེང་སང་། གྲོང་ཚོ་དེར་འབྲི་གཡག་ཁྱུ་འཕེལ་ལ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་ལྡན་ཞིང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་པས། འབྲོག་པ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དོན་དག་ཡོད་ན་གྲོས་མོལ་དུ་ཕེབས་ཞེས་པའི་ལས་སྟེགས་དེ་བཙུགས་རྗེས། རྫོང་སྲིད་གྲོས་ཀྱི་བློ་རྩེ་བསྒྲིམས་ནས་མཛུབ་ཁྲིད་དང་ཁྲིད་སྟོན་བྱས་པའི་འོག །དགོན་ཆེན་གྲོང་རྡལ་དང་མ་ཎི་གད་འགོ་གྲོང་རྡལ། ཡ་དེང་ཤང་གིས་གྲོང་ཚོའི་དོན་དངོས་ལ་གཞི་ཚུགས་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་བཏང་ཡོད། དེང་སང་འབྲི་གཡག་200ལྷག་ཙམ་ཟིན་པ་དང་། དངུལ་འབོར་སྒོར་ཁྲི་140ལྷག་ཙམ་ཟིན་ནས། དུད་ཚང་347དང་མང་ཚོགས་1317ལ་ཕན་ཐོགས་ཡོད་པ་རེད།