《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-04


        《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།《ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་2023ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་གསུང་བཤད》

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི་དུས་ཐེངས་བདུན་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་2023ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།

        རྩོམ་ཡིག་ནང་བསྟན་དོན། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བར་ངེས་པར་དུ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཁུར་དུ་བཟོད་པའི་སྲིད་སྐྱོང་རྐང་འཛིན་པའི་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིད་བྱེད་པའི་ཐད་བྱས་རྗེས་ཧུར་ཐག་འཇོག་དགོས། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ནི་ཏང་གི་སློབ་གྲྭའི་དམིགས་བསལ་གྱི་རིན་ཐང་གནས་ས་ཡིན། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དུས་རབས་གསར་པའི་རིག་གནས་སློབ་ཁྲིད་དང་། ཤེས་བྱ་སློབ་པ། དོགས་གནད་སེལ་བ་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་གནས་ལུགས་བརྒྱུད་སྤེལ་ཡག་པོ་བྱེད་པ། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་གསུམ་ལ་སྐུལ་འདེད་གཏོང་བར་སློབ་ཁྲིད་ཡག་པོ་བཅས་བྱས་ནས་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་ལ་འཕྲད་པའི་དོགས་གནད་སེལ་དགོས། རིགས་པའི་གཞུང་ལུགས་བློ་སྐྱོང་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་ལྟེ་བ་ཡིན། ཏང་གི་སློབ་གྲྭ་ནི་ཏང་ཡོན་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་ས་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གསོ་གསོ་སྦྱོང་གི་ལྟེ་བའི་ནང་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་སློབ་གྲྭ་ནི་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་ལ་ཞུན་བརྡར་བྱེད་སའི“ཁྲོ་ཐབ་ཆེན་པོ”ཞིག་ཡིན་པས། ཏང་གཤིས་སློབ་གསོ་དེ་སློབ་ཁྲིད་ཀྱི་ནད་དོན་གཙོ་བོར་བརྩི་བ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་སྦྱོང་སློབ་གསོ་དེ་ཏང་གཤིས་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ནས། ཏང་གཤིས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་ཏང་གཤིས་སློབ་གསོ་དེ་མི་སེམས་སུ་དངོས་སུ་ཟུག་པར་བྱས་ནས་སློབ་མ་ཚོས་ཚེ་གང་སེམས་ལ་ངེས་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དངོས་སྒྲུབ་གོ་ཆོད་ཀྱི་ཆེད་ལས་ཅན་གྱི་འཇོན་ཐང་གསོ་སྦྱོང་བྱེད་པར་སྒྲིག་འཛུགས་བྱེད་དགོས།

        རྩོམ་ཡིག་ནང་བསྟན་དོན། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པར་ངེས་པར་དུ་སློབ་གྲྭ་བཅོས་སྐྱོང་ནན་པོ་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་གཉེར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། སློབ་གྲྭ་བཅོས་སྐྱོང་ནན་པོ་བྱེད་པ་ནི་ཏང་གི་སློབ་གྲྭའི་སློབ་གཉེར་གྱི་གཞི་རྩའི་མཛད་ཕྱོགས་དང་། ཏང་གི་སློབ་གྲྭའི་ལས་དོན་ཁྲོད་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་གཉེར་རྒྱུ་ནི་ཏང་གི་སློབ་གྲྭའི་ལས་དོན་གྱི་གཞི་འཛིན་ས་གལ་ཆེན་ཞིག་དང་ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་གཉེར་རྒྱུ་དེ་སློབ་གཉེར་ལ་བརྟེན་ནས་སློབ་གྲྭ་སྐྱོང་བའི་ཚེ་སྲོག་གི་འདུ་འགོད་གཅིག་ལ་བརྩིས་ནས་སློབ་གཉེར་གྱི་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།

རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གིས་ཏང་གི་སློབ་གྲྭའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་ནི་རང་རེའི་ཏང་གིས་ཏང་གི་སློབ་གྲྭ་གཉེར་བའི་རྩ་བའི་ཉམས་མྱོང་ཞིག་ཡིན་ལ། ཏང་གི་སློབ་གྲྭའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། ཏང་གི་སློབ་གྲྭ་ནི་ཏང་གི་རྩ་ཆེའི་ཁྱིམ་གཞིས་ཤིག་ཡིན་པས་དེར་ཤུགས་སྣོན་རྒྱག་དགོས་པ་ལས་ཉམས་ཞན་དུ་གཏན་ནས་གཏོང་མི་རུང་། ཏང་ཡོངས་ཀྱིས་ཏང་གི་སློབ་གྲྭ་གཉེར་རྒྱུ་མཐའ་འཁྱོངས་བྱེད་པར་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་འགན་ནུས་སྡེ་ཚན་བཅས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་ཐོག་ཏང་གི་སློབ་གྲྭ་ཡག་པོ་གཉེར་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1