དཀར་མཛེས་ཁུལ་གྱི་ཅུས་ཧུའེ་འོད་ཤུགས་གློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-07


        ཉེ་ཆར། དཀར་མཛེས་ཁུལ་གྱིས་རང་བརྟེན་གསར་སྤེལ་བྱས་པའི་འོད་ཤུགས་ལས་གཞི་ཐོག་མ་སྟེ་དཀར་མཛེས་ཁུལ་ནུས་རྒྱུ་འཕེལ་རྒྱས་ཚོགས་པའི་ཕྱག་ཕྲེང་ཅུས་ཧུའེ་འོད་ཤུགས་གློག་ཁང་དེ་ཕྱག་ཕྲེང་རྫོང་སྒྲོ་མདོག་ཡུལ་ཤོག་ཏུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཁྲེང་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་དབང་མོ་མཛད་སྒོར་ཞུགས་པ་རེད།

        ཅུས་ཧུའེ་འོད་ཤུགས་གློག་ཁང་ལས་གཞི་དེ་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་སྒྲོ་མདོག་ཡུལ་ཤོག་བདེ་འགོ་ཐང་ཆེན་དུ་ཡོད་པ་དང་། 2022ལོའི་ཟླ་བ9པའི་ཚེས24ཉིན་ལས་འགོ་ཚུགས་པ་ནས་བཟུང་།ཨར་ལས་མི་སྣས་རིམས་ནད་དང་མཐོ་གྲང་སོགས་ཀྱི་དཀའ་ངལ་ཁྱད་བསད་དེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་གྱི་གོམ་སྟབས་དང་བསྟུན་ནས་ཉིན188འབད་འཐབ་བྱས་ཤིང་། སྔ་སྣུར་དུ་བསྐྲུན་ཏེ་ཚོད་ལྟ་བྱས་ནས་གློག་གཏོང་འགོ་ཚུགས་པ་དང་།དཀར་མཛེས་ཁུལ་གྱི་ནུས་རྒྱུ་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏང་བ་རེད།

        ཅུས་ཧུའེ་འོད་ཤུགས་གློག་ཁང་ལས་གཞིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི5ལ་ཟིན་པས། དེ་ནི་དཀར་མཛེས་ཁུལ་གྱི་རྐང་དབང་བརྒྱ་ཆ100ཡི་རང་བརྟེན་གསར་སྤེལ་གྱི་འོད་ཤུགས་གློག་ཁང་ལས་གཞི་དང་པོ་དེ་ཡིན་པ་རེད། ལས་གཞི་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.7བཏང་བ་དང་།གློག་ཁང་གཉེར་སྐྱོང་བྱེད་རིང་རིམ་རྩིས་བྱས་ན་དཀར་མཛེས་ཁུལ་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར3.2ཙམ་བསྐྲུན་རྒྱུ་རེད། དེས་ཉེ་འཁོར་གྱི་ཨར་ལས་རྒྱུ་ཆ་དང་འགྲིམ་འགྲུལ་སོགས་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་པར་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པར་ལས་ཀ་དང་ལས་ཞུགས་བརྟན་པོའི་ལས་གནས་མཁོ་འདོན་བྱས་ཏེ། ས་གནས་དེ་གའི་ཐོན་ལས་དང་འོད་ཤུགས་གློག་ཁང་ལས་གཞིའི་སྤུས་ཚད་མཐོན་པོའི་མཉམ་འདྲེས་འཕེས་རྒྱལ་ལ་སྐུལ་འདེད་བཏང་བ་རེད།

        དཀར་མཛེས་ཁུལ་ནུས་རྒྱུ་འཕེལ་རྒྱས་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་དེ2016ལོའི་ཟླ་བ6པར་བཙུགས་པ་དང་།དེ་ནི་སྣ་མང་ཅན་གྱི་མ་འཇོག་བྱེད་པོ་དང་མ་དངུལ་བསྡུ་སྒྲིལ་ལས་སྟེགས།གཉེར་སྐྱོང་དངོས་གཞི་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་དབང་མ་རྩ་ཁེར་འཇོག་ཁེ་ལས་ཆེ་གྲས་ཤིག་རེད། དེའི་འོག་ལ་མ་རྩ་ཡོངས་ལ་དབང་བ་དང་མ་རྐང་ཚོད་འཛིན་ཡན་ལག་སྤྱི་གཉེར་ཁང9དང་མ་རྐང་ནང་ཞུགས་པའི་སྤྱི་གཉེར་ཁང16ཡོད་པས།རིམ་རྩིས་བྱས་ན་ཆུ་གློག་མ་རྐང་ནང་ཞུགས་པའི་ཁེ་དབང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི142དང་། འོད་ཤུགས་མ་རྐང་ནང་ཞུགས་པའི་ཁེ་དབང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི7.7ལ་ཟིན།འོད་ཤུགས་ལས་གཞི་རང་བརྟེན་གསར་སྤེལ་བྱས་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི5ལ་ཟིན་པ་དང་ཆབས་ཅིག། དཀར་མཛེས་ཁུལ་རང་ཚུགས་སྐྱེལ་འདྲེན་དང་སྲུང་སྐྱོང་ལྟེ་གནས་བསྐྲུན་ཏེ། དཀར་མཛེས་ཁུལ་གྱི་ཞིང་འབྲོག་པའི་བུ་ཕྲུག་ཚོ་གསོ་སྦྱོང་བྱས་ནས་ལས་གནས་སུ་མངགས་པ་དང་།ད་ཆ་དེང་རབས་ཅན་དང་གཞི་གཅིག་ཅན་གྱི་སྐྱེལ་འདྲེན་དང་སྲུང་སྐྱོང་གི་འགན་སྲུང་ནུས་པ་ཡོད་པ་རེད།

         ཁུལ་སྲིད་གཞུང་དང་ཕྱག་ཕྲེང་རྫོང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་སོགས་ཁེ་ལས་འཐུས་མི་དང་ཕྱག་ཕྲེང་རྫོང་སྒྲོ་མདོག་ཡུལ་ཤོག་སྒྲོ་མདོག་གྲོང་སྡེའི་ལས་གཞི་འཛུགས་སྐྲུན་ནང་ཞུགས་མཁན་གྲོང་མིའི་འཐུས་མི་བཅས་མཛད་སྒོར་ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1