སྤྱི་ཟླ་4པའི་ཚེས་1ཉིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱེད་མགོ་བརྩམས། ཉིན་དེ་ནས་བཟུང་བཅའ་ཁྲིམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྲུང་སྐྱོང་བྱས་ཏེ།《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》དྲིལ་བསྒྲགས་དང་ལག་བསྟར་བྱེད་ཆེད། མཛོད་དགེ་རྫོང་གིས་རྨ་ཆུའི་འགྲམ་རྒྱུད་དུ་ཁྲིམས་སྐྱོང་ལ་བརྟེན་ཏེ་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྲུང་སྐྱོང་གིས་རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྩལ་བའི་བདེ་འབྱུང་ཆུ་བོར་བསྒྱུར་བ་ཞེས་པའི་དྲིལ་བསྒྲགས་དང་སློབ་གསོའི་མུ་འབྲེལ་བྱེད་སྒོ་སྤེལ།
རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཕུའུ་ཀྲི་རུང་བྱེད་སྒོར་ཞུགས་ཏེ་གཏམ་བཤད་གནང་། རྫོང་དཔོན་གཞོན་པ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཏུང་ཧྲེང་གིས་བྱེད་སྒོར་གཙོ་སྐྱོང་གནང་། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་དང་རྫོང་དམངས་ཆེན་ཁྲིམས་ལུགས་ལས་སྒྲུབ་ཨུ་ལྷན། རྫོང་སྤྱི་བདེ་ཅུས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་གྲོང་གི་ཏང་ཨུ་དང་། སློབ་མ་དང་གྲྭ་པའི་འཐུས་མི་སོགས་མི་སྣ་300ལྷག་བྱེད་སྒོར་ཞུགས།
བྱེད་སྒོ་ནི་ཐང་སྐོར་གྲོང་རྡལ་ལོ་དགུ་ལམ་ལུགས་སློབ་གྲྭའི་སློབ་མིའི《གནམ་མཐའི་མཛོད་དགེ》ཞེས་པའི་སྙན་ངག་གྱེར་འདོན་ཁྲོད་མགོ་དངོས་སུ་བརྩམས། བྱེད་སྒོར་རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་གྲོང་གི་ཏང་ཨུ་དང་སྲིད་གཞུང་གིས་ཁས་ལེན་གཏམ་བཤད་སྤེལ་ཏེ། སྲུང་སྐྱོང་བཅའ་ཁྲིམས་ནི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་གྲོང་དུ་འབྲས་བུ་སྨིན་ཞིང་། རོང་འབྲོག་མང་ཚོགས་ལ་སྟོད་རྒྱུད་འདུ་ཤེས་བརྟན་པོར་བསྐྲུན་ཏེ། མ་ཡུམ་ཆུ་བོ་སྲུང་སྐྱོང་ལས་འགན་ཕྲག་ཏུ་ལེན་དུ་འཇུག་རྒྱུ་ཡིན་པར་བསྟན། ཡུལ་དངོས་སུ་འཐུས་མི་ཚང་མས་མ་ཡུམ་ཆུ་བོ་སྲུང་སྐྱོང་གི་བྱེད་སྒོའི་འགྲེམ་པང་དུ་མིང་རྟགས་བཀོད་ཅིང་། ཡུལ་དངོས་སུ་མཛད་སྒོའི་ཡོ་ལང་རབ་ཏུ་རྒྱས་ཤིང་སྤྲོ་སེམས་ཀྱིས་ཁེངས། རྫོང་ཁྲིམས་འཛིན་ཅུས་ཀྱི་ཁྲིམས་སྐྱོང་སྒྲོག་འགྲེལ་བས་ད་དུང་བོད་རྒྱ་སྐད་གཉིས་ལམ་ནས། རྨ་ཆུའི་འགྲམ་རྒྱུད་ཀྱི་རོང་འབྲོག་མང་ཚོགས་ལ《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》གསོན་ཉམས་ལྡན་པར་འགྲེལ་བཤད་གནང་བས། ཚང་མས་མུ་མཐུད་དུ་སློབ་སྦྱོང་དང་ལག་ལེན་ལ་ཤུགས་སྣོན་སྒོས། རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་བསྩལ་བའི་ཁྲིམས་བཀོད་ལས་འགན་ཉམས་སུ་བླངས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་ཡིན་པར་བསྟན།
ཐང་སྐོར་ལོ་དགུ་ལམ་ལུགས་སློབ་གྲྭའི་ལོ་རིམ་དགུ་པའི་འཛིན་གྲྭ་དང་པོའི་སློབ་མ་བསྟན་འཛིན་སྒྲོལ་མས་བཤད་རྒྱུར། དེ་རིང་ནི《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་ཉིན་མོ་རེད། དེ་རིང་ནས་བཟུང་ང་ཚོས་ཆེ་ཆུང་མཉམ་འབྲེལ་གྱིས་མང་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་ཇེ་ཆེར་བཏང་སྟེ། སྤྱི་ཚོགས་ཡོངས་ནས་རྨ་ཆུ་སྲུང་སྐྱོང་ལས་སྒོར་ཞུགས་པར་སྐུལ་འདེད་སྒོས། ཁོར་སྲུང་ཤེས་བྱ་ཁྱབ་གདལ་བཏང་ནས། དམངས་ཡོངས་ནས་ཆུ་བོ་གཙང་སྒྱུར་དང་གཅེས་སྤྲས། བདག་སྐྱོང་བཅས་གནང་བར་ཁྲིད་སྟོན་བྱས་ཏེ། མི་དེ་ལས་མང་བོར་རྨ་ཆུ་སྲུང་སྐྱོང་གི་གལ་ཆེན་རང་བཞིན་རྟོགས་སུ་འཇུག་དགོས་ཟེར།
བྱེད་སྒོ་གྲོལ་རྗེས་བྱེད་སྒོར་ཞུགས་པའི་འཐུས་མི་ཡོངས་ཀྱིས་རྨ་ཆུའི་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་ཕྱགས་སྒོས། སྦྱོར་བ་དངོས་ཀྱིས་རྨ་ཆུའི་བདེར་བཞུར་སྲུང་སྐྱོང་བྱས་ཏེ། དོན་དམ་པར་རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྩལ་བའི་བདེ་འབྱུང་ཆུ་བོར་བསྒྱུར་བའི་ལས་ལ་འབད།
མཛོད་དགེ་རྫོང་སོག་ཚང་དགོན་པའི་གྲྭ་བ་བསྟན་ཆོས་ཀྱིས་བཤད་རྒྱུར། དེ་རིང་ནི《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་གྱི་ཉིན་དང་པོ་རེད། རྒྱལ་ཁབ་ཀྱིས་རྨ་ཆུ་སྲུང་སྐྱོང་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བཀའ་དྲིན་ཆེ་ཞུ། གྲྭ་བཙུན་ཞིག་ཡིན་པའི་ཆ་ནས། རང་ཉིད་ནས་མགོ་བཟུང་སྟེ་ཉེ་འཁོར་གྱི་མི་ལ་སྐུལ་སློང་སྒོས། ཚང་མས་མཉམ་དུ་མ་ཡུམ་ཆུ་བོ་སྲུང་སྐྱོང་བྱེད་རྒྱུ་ཡིན་ཟེར།
མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ཝང་ཀྲེང་ཀང་གིས་བཤད་རྒྱུར། སྤྱི་ཟླ་4པའི་ཚེས་1ཉིན་ནི《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱེད་མགོ་ཚུགས་པའི་ཉིན་ཡིན། ང་ཚོ་ཁྲིམས་འཛིན་ཅུས་ཀྱིས་རྨ་ཆུའི་འགྲམ་རྒྱུད་ནས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པར་སྤེལ། ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། རྨ་ཆུའི་སྟོད་རྒྱུད་ཀྱི་རོང་འབྲོག་མང་ཚོགས་ཀྱི་མ་ཡུམ་ཆུ་བོ་སྲུང་སྐྱོང་འདུ་ཤེས་ཇེ་ཆེར་བཏང་བར་མ་ཟད། 《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》དམངས་ཁྲོད་དུ་ཁྱབ་གདལ་བཏང་ཡོད་ཟེར། །