རི་སྐྱེས་སྲོག་ཆགས་དང་སྙིང་ཉེ་བའི་མཐོ་སྒང་གི་འབྲོག་པ་ཁྱོ་ཤུག་གཉིས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-10


        ཚྭ་འདམ་གཤོངས་སར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་གི་ས་བབ་མཐོ་ཚད་སྨི་4200ཙམ་ཡོད་པའི་སྒུག་རི་ཤང་སྦྲེ་ལུང་གྲོང་ཚོར་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། རི་ཁུལ་གྱི་སྟབས་བདེའི་ཁང་པ་ཞིག་གི་མདུན་དུ་བོད་རིགས་བཟའ་ཟླ་གཉིས་ཀྱིས་དེ་གར་བརྟན་སྲུང་བྱེད་ཀྱི་ཡོད།

        བྱ་དེ་དང་རི་བོང་ཧ་ཅང་མང་པོ་འདུག ཡོང་བའི་ལམ་བར་ན་ཝ་མོ་ཡང་མཐོང་བྱུང་ཞེས་གསར་འགོད་པས་དེ་ལྟར་བཤད་སྐབས། ལོ་53ལ་སླེབས་པའི་རིག་བྷོ་ཡིས་གསར་འགོད་པར། ད་ཆ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་ཆེ་བ་རི་ཁུལ་དུ་བསྡད་ཡོད། ཟླ་བ་བརྒྱད་པ་དང་དགུ་པར་སླེབས་སྐབས་དེ་ཚོ་ཚང་མ་ཕྱིར་དོན་རྗེས་གཞི་ནས་མང་པོ་ཡོད་ཅེས་བཤད།

        བོད་བཟོའི་སྒོ་ར་ཞིག་གི་སྒོ་འགྲམ་དུ། དུར་ལམ་རྫོང་སྒུག་རི་སྦྲེ་ལུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་རོགས་སྐྱོབ་ས་ཚིགས་དང་། མཚོ་བོད་ས་མཐོའི་འབྱུང་ཁམས་ཞིབ་འཇུག་ས་ཚིགས་ཀྱི་སྒོ་བྱང་། དེ་བཞིན་དུར་ལམ་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ཁྱབ་ཚུལ་རི་མོ་སོགས་བཀལ་ཡོད་པ་དང་། ལྷས་རའི་མཐའ་སྐོར་དུ་ས་གནས་ཁག་གི་པར་བས་པར་ལེན་བྱས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་གྱི་པར་རིས་བཀལ་ཡོད་པ་རེད།

        རིག་བྷོ་ཡིས། དེ་དག་ཚང་མ་ནི་པར་རྒྱག་མཁས་པས་བླངས་པའི་པར་རེད། སྔོན་ཆད་གནས་འདི་རྔོན་རྒྱག་ར་བ་ཡིན་ཡང་ད་ཆ་སྲུང་སྐྱོང་ཁུལ་ཡིན། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་དགའ་ཞེན་བྱེད་མཁན་ཚོའི་གནས་མཆོག་རེད་ཅེས་བཤད།

        རིག་བྷོ་ཡིས། སྐབས་དེ་དུས་ང་ཚོས་ཕྱུགས་འཚོ་གི་ཡོད། ཁོང་ཚོས་རྔོན་རྒྱག་པ་མཐོང་ཚེ་དེ་ཡག་པོ་ཞིག་མ་རེད་བསམ་བྱུང་། 1995ལོ་ནས་2005ལོའི་བར་གླ་བ་དང་གནའ་བ་ཧ་ཅང་ཉུང་དུ་ཕྱིན་ཡོད། ཁོང་ཚོ་བསད་རྗེས་དངོས་དཔེ་བཟོས་པ་ལས་པར་བླངས་ན་ལེགས། གསོན་པོར་བསྡད་ཚེ་རྗེས་སུ་ནམ་ཡིན་རུང་ལྟ་ཐུབ་ཀྱི་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཤིག་རྩ་མེད་དུ་སོང་ཚེ་དངུལ་ག་ཚོད་སྤྲད་ཀྱང་ཉོས་མི་ཐུབ་ཅེས་བཤད། 2005ལོར་ལོ་35ལ་སླེབས་པའི་རིག་བྷོ་ཡིས་རྫོང་ཤང་སྲིད་གཞུང་ལ་སྲུང་སྐྱོབ་ས་ཚིགས་བཙུགས་ནས་རང་འགུལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་ཞུ་བྱས། ལོ་མང་འབད་བརྩོན་བྱས་པ་བརྒྱུད་2009ལོར་ས་གནས་དེ་གའི་སྲིད་གཞུང་གིས་རིག་བྷོ་ཚང་གི་ཁྱིམ་སྲུང་རྩྭ་ཐང་ཐོག་སྟབས་བདེའི་ཁང་པ་བརྒྱབ་པ་དང་2010ལོར་དུར་ལམ་རྫོང་སྒུག་རི་སྦྲེ་ལུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་རོགས་སྐྱོབ་ས་ཚིགས་ཀྱི་སྒོ་བྱང་བཀལ་བ་རེད།

        དེ་རྗེས། རིག་བྷོས་ཉིན་ལྟར་གྲོགས་པོས་སྦྱིན་པའི་པར་ཆས་ཁྱེར་ནས་ཕྱུགས་འཚོ་བ་དང་། ཕྱུགས་འཚོ་སྐབས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་འཕྲད་ཚེ་དེ་ཚོར་པར་རྒྱག་གི་ཡོད། རིག་བྷོ་ཡིས། ཕྱིས་སུ། རྔོན་རྒྱག་མཁན་མེད་པར་གྱུར་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཞིབ་འཇུག་དང་པར་ལེན་བྱེད་མཁན་གྱི་རིགས་གཅིག་མཁས་ཅན་དང་པར་བ་མང་པོ་ཞིག་སླེབས་བྱུང་བས། ང་ཡང་པར་ལེན་པ་མཁས་ཅན་དང་བརྙན་ལེན་མཁན་ཅན་ཚོའི་སྣེ་ཤན་དུ་གྱུར་སོང་ཞེས་བཤད།

        རིག་བྷོ་ཡིས་རིགས་གཅིག་མཁས་ཅན་དང་མཉམ་དུ་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པའི་ཐབས་ཤེས་དང་ལག་རྩལ་སློབ་སྦྱོང་བྱས་པ་དང་སྦྲགས་ཀྲུང་གོའི་ས་གནས་ཁག་ནས་ཡོང་བའི་པར་བ་དང་མཉམ་དུ་པར་ལེན་སྟངས་སྦྱངས། རྨས་སྐྱོན་ཕོག་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་འཕྲད་སྐབས་བཟའ་ཟླར་ལྟ་རྟོག་བྱ་རྒྱུར་སྤྲད་པ་དང་། ཡུལ་མི་ཚོར་ཡང་ཁོང་གི་ཤུགས་རྐྱེན་ཐེབས་ནས་རོགས་སྐྱོབ་བྱེད་དགོས་པའི་སྲོག་ཆགས་མཐོང་ཚེ་བཟའ་ཟླ་གཉིས་ཀྱི་ལག་ཏུ་སྐྱེལ་གྱི་ཡོད།

        རིག་བྷོ་ཡིས། བདག་ཏུ་མ་བཟུང་བའི་སྲོག་ཆགས་ང་ཚོའི་ས་བབ་མཐོ་བ་འདི་དང་འཚམ་པས། ས་བབ་དམའ་སར་སྐྱེལ་ན་བཟང་བའི་ངེས་པ་མེད། སྲུང་སྐྱོང་ས་ཚིགས་ནས་ཐག་ཉེ་ཤོས་ཀྱི་ཞིང་བདེ་གྲོང་རྡལ་བར་རི་ལམ་སྤྱི་ལེ་80ཡོད་པས་རླངས་འཁོར་བཏང་ན་ཉུང་མཐར་ཡང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་སྐྱོད་དགོས་ཀྱི་ཡོད་ལ། རྫོང་དང་ཡང་ན་ཟི་ལིང་དུ་བསྐྱལ་ན་དུས་ཡུན་རིང་པོ་འགོར་སྲིད་ཅེས་བཤད།

        2009ལོ་ནས་ད་བར། རིག་བྷོ་ཡིས་པར་ཆས་སྤྱད་དེ་འདབ་ཆགས་རིགས་90ལྷག་ཙམ་དང་རྩྭ་གཟན་སྲོག་ཆགས་རིགས་30ལྷག་ཙམ་ཟིན་ཐོར་བཀོད་པ་མ་ཟད། གསའ་དང་དོམ། སྤྱང་ཀི རྐྱང་སོགས་ཀྱི་བརྙན་པར་མང་པོ་ཞིག་ཀྱང་ཉར་ཚགས་བྱས་ཡོད།

        དུར་ལམ་རྫོང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཡུང་ཧུང་གིས། ཁྱོ་ཤུག་གཉིས་པོས་ཐོབ་ཆ་མེད་པར་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་དང་རོགས་སྐྱོབ་བྱེད་པ་ནི་ང་ཚོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་མདུན་སོ་ཡིན། ཁོང་ཚོས་ཡུལ་མི་ཚོའི་སྲུང་སྐྱོབ་འདུ་ཤེས་ལ་སྐུལ་སློང་བྱས་ནས་རྫོང་ཡོངས་ཀྱི་ཡུལ་མི་ཆིག་སྟོང་ལྷག་ཙམ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གཙོ་གནད་ཁུལ་དང་འབྱུང་ཁམས་ཉམས་ཞན་ཁུལ་གྱི་དོ་དམ་པར་གྱུར་ཞིང་། གསོ་སྦྱོང་བྱས་རྗེས་འབྱུང་ཁམས་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཁོང་ཚོས་ལོ་ལྟར་སྐོར་གཡེང་བྱེད་པའི་ལམ་ཐག་སྤྱི་ལེ་ཁྲི་4ཟིན་གྱི་ཡོད་ཅེས་བཤད་པ་རེད།

        ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་ལ་འཕར་ཚུལ་གསར་པ་ཐོན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་དུར་ལམ་རྫོང་ཁོངས་སུ་འཚོ་སྡོད་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཆེ་གྲས་སྣ་ཚོགས་ཁྲི་13ཙམ་ཡོད་པ་དང་། གསའ་དང་འཕར་བ། ཁྲུང་ཁྲུང་སྐེ་ནག་སོགས་སྟོངས་ཉེར་ཡོད་པའི་སྲུང་སྐྱོང་སྲོག་ཆགས་ལ་འཚོ་གནས་ཀྱི་ཁོར་ཡུག་བརྟན་པོ་ཡོད་པ་རེད།

        རིན་མེད་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུའི་སྐོར་གླེང་སྐབས་རིག་བྷོ་ཡིས། ང་ཚོར་རྩྭ་ཐང་གི་བྱ་དགའ་ཁ་གསབ་སྤྲོད་རྒྱུ་ཡོད། ཟ་རྒྱུ་འཐུང་རྒྱུ་མང་ཆེ་བ་ནི་པར་བ་དང་བརྟག་དཔྱད་ཞིབ་འཇུག་མི་སྣས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་སྒོར་ཁྲི་ལྔ་དྲུག་ཙམ་གྱི་གཏོང་སྒོ་དེའང་སྲོག་ཆགས་སྲུང་སྐྱོབ་ཐད་གཏོང་གི་ཡོད། ཡིན་ཡང་འབྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་མི་གཅིག་གི་བྱ་བ་མིན་པར་ཚང་མའི་བྱ་བ་ཞིག་རེད། གང་ཡིན་ཞེ་ན། སའི་གོ་ལའི་ཐོག་གི་འབྱུང་ཁམས་རྒྱུ་ནོར་ནི་ད་གཟོད་རིན་ཐང་ཆེ་ཤོས་ལྡན་པའི་རྒྱུ་ནོར་རེད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1