“ཡོངས་འཛིན” སྤྱོད་མཁན་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་76ལ་ཁྱབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-11



        སྤྱི་ཚེས་8ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཕྱོགས་བསྡུས་པུའི་ཀྲུའུ་རེན་ལྷ་སྐྱིད་སྒྲོལ་མས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གོ་ལ་ཧྲིལ་པོའི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ“ཡོངས་འཛིན”སྤྱི་ལོ་2016ལོའི་ཟླ་8པར་སྤྱོད་འགོ་ཚུགས་པ་ནས་བཟུང་སྤྱོད་མཁན་དེ་ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)34དང་དེ་བཞིན་ཨ་རི་དང་། ཧྥ་རན་སེ། ལྗར་པན། ཨུ་རུ་སུ། སིང་ཀ་ཕོར་སོགས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་76ལ་ཁྱབ་ཅིང་། ཉིན་རེར་ཆ་སྙོམས་ལྟ་ཚད་ཐེངས་ཁྲི་200ཙམ་ཟིན་པ་དང་། རྡེབ་ཚད་ཐེངས་དུང་ཕྱུར་56ལས་བརྒལ་ཡོད་ཅེས་གསུངས་པ་རེད།

        རྒྱ་ཡིག་གི“云藏” ཞེས་པའི་ཐ་སྙད་ནི་བོད་ཡིག་གི“ཡོངས་འཛིན”ཞེས་པ་སྒྲ་སྒྱུར་བྱས་པའི་ཐ་སྙད་ཅིག་ཡིན་ཞིང་། དེར་བསྟན་དོན་གཉིས་ཡོད་དེ། གཅིག་ནི“བླ་མ”དང་ཡང་ན“དགེ་རྒན” དང་འདྲ་བར། དྲི་བ་ཅི་ཡོད་ལ་ལན་འདེབས་པའི་དོན་ཡིན།  གཉིས་ནི་ཚིག་ངོས་ནས་གོ་བ་བླངས་ན“ཁྱོན་ཡོངས་ནས་འཛིན་པ་དང་ལེན་པ”ཞེས་པའི་དོན་ཡིན།

        ངོ་སྤྲོད་བྱས་པར་གཞིགས་ན།“ཡོངས་འཛིན”བོད་ཡིག་འཚོལ་བཤེར་མ་ལག་ནི་ཀྲུང་གོའི་རྒྱལ་ནང་གི་བོད་ཡིག་དྲ་ཚིགས་ཆེ་གྲས་ཁག་གི་གཅིག་གྱུར་འཇུག་སྒོ་དང་དེ་བཞིན་དྲ་སྦྲེལ་བོད་ཡིག་ཆ་འཕྲིན་གྱི་ཡོང་ཁུངས་གཙོ་བོ་དང་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་ཡིན་པ་དང་།  གཉེར་སྐྱོང་ཚོགས་པའི་ཁྲོད་བོད་རིགས་ཀྱི་བསྡུར་གྲངས་89%ཟིན་གྱི་ཡོད། སྟེགས་བུ་དེས་བོད་ཡིག་གི་དྲ་རྒྱའི་ཆ་འཕྲིན་མཉམ་སྤྱོད་དང་འཚོལ་བཤེར་རྨང་གཞིར་བྱས་ནས“ཡོངས་འཛིན”གྱི་སྣོད་བཅུད་ཁུལ་འཛུགས་སྐྲུན་གྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་བོད་ཡིག་གི་ཆ་འཕྲིན་ཐག་གཅོད་ཞིབ་འཇུག་གྲུབ་འབྲས་ཀྱི་ལག་རྩལ་གཞན་སྒྱུར་དང་བཀོལ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་བས།  བོད་ཡིག་གི་འཚོལ་བཤེར་མ་ལག་དང་སྣེ་མང་བེད་སྤྱོད། རྒྱལ་ཁབ་ཀྱི་ཚད་གཞིར་གཞིགས་པའི་བོད་ཡིག་གི་རང་འགུལ་ཐ་སྙད་དང་སྐད་བརྡའི་རིག་ནུས་དབྱེ་ཞིབ་མ་ལག  ནུས་ཆེའི་ཕཱ་ཁྲུང་མ་ལག་བཅས་གཞི་གཅིག་ཅན་གྱི་བོད་ཡིག་དྲ་རྒྱའི་མ་ལག་ཆེ་གྲས་ཤིག་ཆགས་ཡོད་པ་རེད།

        “ཡོངས་འཛིན”སྟེགས་བུ་དེ་ཆབ་སྲིད་དང་རིག་གནས། ཚན་རྩལ། ལོ་རྒྱུས་སོགས་ཁྱབ་ཁོངས་30ལྷག་ཙམ་གྱི་ཆ་འཕྲིན་ནང་དོན་དང་འབྲེལ་བ་ཡོད་པ་དང་།  ཉེར་སྤྱོད་དང་ཞབས་ཞུ་རྐྱང་རྐྱང་80ལྷག་ཙམ་བཙུགས་ཡོད། མིག་སྔའི་བར་གྲངས་གཞིའི་འབོར་ཚད་130TBཟིན་ཡོད།  སྟེགས་བུ་འཁོར་སྐྱོད་བྱས་པ་དེས་ཀྲུང་གོའི་བོད་ཡིག་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་ཐོན་ཁུངས་ལ་ཚད་ཡོད་དང་ཆ་འཕྲིན་མཁོ་འདོན་བྱེད་ཚད་ཧ་ཅང་མི་འདང་བའི་དཀའ་ངལ་བསལ་ནས་བོད་ཡིག་ཆ་འཕྲིན་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པར་ཁྱོན་ཡོངས་དང་ཡང་དག་པ། དོན་དངོས་དང་མཐུན་པ་བཅས་ཀྱི་ཕྱོགས་མང་ཆ་འཕྲིན་མཁོ་འདོན་བྱས་ཡོད་པ་རེད།

        ལྷ་སྐྱིད་སྒྲོལ་མས་ང་ཚོས་བཏོན་པའི་ཡོངས་འཛིན་གྱི་APPདང་།  ཡོངས་འཛིན་གྱི་བོད་རྒྱ་དབྱིན་གསུམ་གྱི་གཏགས་ཐབས་དེ་གཉིས་ནི་ཀུ་ཤུ་དང་ཧྭ་ཝེ། ཞའོ་སྨི།  OPPO  Vivoསོགས་ཉེར་སྤྱོད་ཚོང་ཁང་ནས་ཕབ་ལེན་བྱེད་ཐེངས་ཁྲི་300ཟིན་ཡོད་ཅེས་གསུངས་པ་རེད།

        ཉེ་བའི་ལོ་ཤས་རིང་། བོད་ཡིག་ཆ་འཕྲིན་ཐག་གཅོད་དང་དེ་བཞིན་ཉེར་སྤྱོད་ཁྱབ་ཁོངས་ཀྱི་མིག་མདུན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། མཐོ་རིམ་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་ཧྭ་ཝེ་དང་ཁི་ཏ་ཞོན་ཧྥེ། མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་སོགས་ཚན་ཞིབ་གླིང་དང་དེ་བཞིན་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ནས་ཞིང་ཆེན་དང་པུའུ་ཡིས་ཐུན་མོང་ཐོག་བོད་སྐད་རིག་ནུས་ཆ་འཕྲིན་ཐག་གཅོད་དང་ཉེར་སྤྱོད་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཡོངས་འཛིན་རྟེན་གཞི་བསྐྲུན་རྒྱུའི་སྒོ་བྱང་འགེལ་བའི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚན་རྩལ་ཁྱབ་གདལ་རྟེན་གཞི་རེ་ཞུ་བྱས་ནས་ཆོག་མཆན་ཐོབ་པ་བྱས་ཏེ་ཡོངས་འཛིན་གྱི་སྣོད་བཅུད་མ་ལག་འཛུགས་སྐྱོང་དང་དེ་བཞིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1