༄༅།།དཀར་མཛེས་ཀ་བྲག་ཇོ་ཁང་གི་ལོ་རྒྱུས་རག་བསྡུས།།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-12


  དེ་ཡང་འཛམ་གླིང་ས་ཡི་ལྟེ་བར་གངས་ཅན་བོད་ཆེན་པོའི་རྒྱལ་ཁམས་སུ་སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་ཟླ་ཀླུང་དལ་གྱིས་འབབས་པའི་གནས་མཆོག་ཁམས་ཀྱི་ཤོད་བཅུའི་ནང་ཚན་ཏྲེ་ཤོད་ཅེས་རྒྱལ་བ་ཤཱཀྱ་སེངྒེའི་ཆོས་སྲིད་ཀྱི་ཡུལ་དབུས།    གནམ་འཁོར་ལོ་རྩིབས་དགུའི་མར་གཤམ། ས་པདྨ་འདབ་བརྒྱད་ཀྱི་གདན་སྟེང། ལོགས་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་བཀྲ་ཤིས་པའི་རེ་ཁས་མཚོན་པའི་གནས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་གསང་བ་གསུམ་གྱི་རྣམ་པ་རོལ་བའི་འཁོར་ལོའི་བསྒྱུར་རྒྱལ་བོད་བཙན་པོ་སྲོང་བཙན་སྒམ་པོའི་ཐུགས་བསྐྱེད་དང་སྨོན་ལམ་གྱིས་མཐུ་ལས་གྲུབ་པའི་སའི་ཆར་གཏོགས། དེང་དུས་དཀར་མཛེས་ཁུལ་དར་མདོ་ནས་དཀར་མཛེས་རྫོང་གི་ཀ་བྲག་གྲོང་པའི་བར་སྤྱི་ལེ་ལྔ་བརྒྱ་དྲུག་བཅུ་མཚམས་ན་བཞུགས་པའི་ཀ་བྲག་ཇོ་ཁང་འདི་འཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་གི་ཡ་གྱལ་ཞིག་ཏུ་བཞེངས་ཡོད་པའི་ལོ་རྒྱུས་ནི།  སྤྱི་ལོ་༦༡༧ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་པ་དང་།   སྤྱི་ལོ་༦༢༧ལོར་རྒྱལ་སྲིད་ཀྱི་ཁྲི་འཕོངས་མཐོན་པོར་ཞབས་སོར་བཀོད་ཅིང་།   སྤྱི་ལོ་༦༤༡ལོར་བཙུན་མོ་རྒྱ་བཟའ་ཀོང་ཇོ་མཚོ་ཡི་པདྨ་རྒྱལ་ས་ཁྲང་ཨན་ནས་བོད་དུ་ཆིབས་ཁ་བསྒྱུར།   དེའི་ཕྱི་ལོར་དབུས་སུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་སྐབས་སུ།   གྱད་ལྷ་དགའ་དང་ཀླུ་དགའ་གཉིས་ཀྱིས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་བཞུགས་པའི་ཤིང་རྟ་དེ་ལྷ་སའི་མཐིལ་ནེ་ཆུང་གི་སྟོད། ཆུ་མིག་ཁར་ཤིང་རྟ་བྱིང་བར་གྱད་དེ་གཉིས་ཀྱིས་ཤིང་རྟ་སྒྲིལ་ཡང་མ་བཏུབ་པར་ངལ་གསོས།  དེ་ནས་ཡང་སྐྱར་བཏེགས་ཀྱང་འགུལ་མ་ནུས་པའི་དུས་དེར།   ཀོང་ཇོས་ཅི་ཡིན་སྙམ་ནས་སྤོར་ཐང་བརྒྱད་ཅུ་སྐོར་གྱིས་བརྟགས་པའི་བརྩིས་འབྲས་སུ།   བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིའི་ས་དབྱིབས་ནི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་དང་འདྲ་བར་མཁྱེན།    ལྷ་སའི་འོ་ཐང་གི་མཚོ་དེ་སྲིན་མོའི་སྙིང་ཁྲག་ཏུ་མཁྱེན།   སྙིང་ཁྲག་བསུབ་ནས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བརྩིག་དགོས་ཀྱང་།    ད་དུང་ཡན་ལག་དང་ཉིང་ལག་ནོན་དགོས་པར་མཁྱེན་ནས་སྲིན་མོའི་དཔུང་པ་གཡོན་པ་ནོན་པ་ལ་ཁྲ་འབྲུག་ནི་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་བཞེངས་པ་དང་།    དཔུང་པ་གཡས་པ་ནོན་པ་ལ་དབུ་རུ་ཀ་ཚལ་ནི་དགེ་བསྙེན་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དུ་བཞེངས།   དཔྱི་གཡས་པ་ནོན་པ་ལ་གཙང་འབྲང་ནི་རྒྱལ་ཆེན་བཞིའི་དཀྱིལ་འཁོར་དུ་བཞེངས།   དཔྱི་གཡོན་པ་ནོན་པ་ལ་གྲུམ་པ་རྒྱལ་གྱི་ལྷ་ཁང་དུ་དགེས་དཔལ་དབར་དབྱངས་གྲུབ་པའི་དཀྱིལ་འཁོར་བཞེངས།   བར་ཚིག་ནོན་པའི་ཕྱིར་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ནི།   གྲུ་མོ་གཡོན་གནོན་པ་ལ་ལྷོ་བྲག་མཁོ་མཐིང་དུ་རིགས་ལྔའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་བཞེངས།   པུས་མོ་གཡས་ནོན་པ་ལ་བྱང་ཚལ་གྱི་དབང་ཆེན་གྱི་ལྷ་ཁང་ནི་རིན་པོ་ཆེའི་དཀྱིལ་འཁོར་དུ་བཞེངས།   པུ་མོ་གཡོན་ནོན་པ་ལ་མོན་བུན་ཐང་སྐྱེས་ཆུ་ལྷ་ཁང་ནི་པདྨ་དབང་གི་དཀྱིལ་འཁོར་དུ་བཞེངས།  དེ་ལྟར་བཞེངས་ཡང་མ་བཏུབ་པར་ལག་མཐིལ་གཡས་པར་མདོ་ཁམས་ཀློང་ཐང་སྒྲོལ་མའི་ལྷ་ཁང་ནི་བདུད་འདུལ་བའི་དཀྱིལ་འཁོར་དུ་བཞེངས།   ལག་མཐིལ་གཡོན་པ་ལ་ཏྲེ་ཤོད་ཀ་བྲག་ཏུ་རྣམ་ཐོས་སྲས་ཀྱི་དཀྱིལ་འཁོར་དུ་བཞེངས།  རྐང་པ་གཡོན་པྲ་དུམ་རྩེ་ལ་གཙུག་ལག་དགུའི་དཀྱིལ་འཁོར་དུ་བཞེངས།  མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་དུ་སའི་སྙིང་པོའི་དཀྱིལ་འཁོར་དུ་བཞེངས།   ཞེས་ཐོག་མར་གཙུག་ལག་ཁང་འདི་རྣམས་ལ་དཀྱིལ་འཁོར་ཤ་སྟག་བཞེངས་པ་འདི་དེང་སང་ཏྲེ་ཀ་བྲག་ཏུ་སྣོན་གྱི་ལྡེབས་རིས་ལས་གསལ་པོར་མཇལ་རྒྱུ་ཡོད་པ་འདི་དོན་དུ་བདེན་དཔང་མངོན་སུམ་ཚད་མའི་རྙེད་དོན་ཡིན་ལ།    འདི་སྲོང་བཙན་སྐབས་ཀྱི་བཀའ་ཆེམས་ཡིན་པས་ཡིད་ཆེས་བྱ་ཆོག་ལ།   ད་དུང་རྒྱ་བཟའ་ཀོང་ཇོ་སོགས་བཙུན་མོ་རྣམས་ཀྱིས་མཛད་པའི་བཀའ་ཆེམས་དར་དཀར་གསལ་བ་དང་།  བློན་པོ་བཅུ་དྲུག་གིས་མཛད་པའི་བཀའ་ཆེམས་ཟླ་བ་འདོད་འཇོ་སོགས་ལས་ཧ་ཅང་རྒྱས་པར་གསུངས་ཡོད་པར་གྲགས།   སྤྱིར་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ལ་བགྲང་སྟངས་མི་འདྲ་བ་མང་པོ་ཞིག་མཆིས་མོད།   མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་དང་།   ཆོས་འབྱུང་བསྟན་པའི་རྒྱལ་མཚན་དང་།   རྒྱ་བོད་ཡིག་ཚང་ཆེན་མོ་སོགས་ལས་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་དང་།   གྲུ་མོ་གཡོན་མ་ནོན་པ་ལ་ལྷོ་བྲག་མཁོ་མཐིང་།  གཡས་པ་ལ་ཀོང་པོའི་བུ་ཆུ་ལྷ་ཁང་།  པུས་མོ་གཡས་པ་ལ་ཀ་བྲག་ (སྐ་བྲག) པུས་མོ་གཡོན་ལ་སྤྲ་འདུན་ (པྲ་དུམ) རྩེ་སྟེ་མཐའ་འདུལ་བཞི་ཞེས་གསུངས་པ་དང་།  མཁས་དབང་བེ་རི་འཇིགས་མེད་དབང་རྒྱལ་གྱིས། དེང་གི་མཁས་པ་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བོད་ཀྱི་རིག་གནས་རྣམ་བཤད་དུ་པུས་མོ་གཡས་པ་ལ་ཀ་བྲག་ཅེས་བྲིས་འདུག   བོད་ཀྱི་ལོ་རྒྱུས་རྙིང་པ་ཁག་ཏྲེ་ཀ་བྲག་འདི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་ཁོངས་སུ་བགྲངས་ཡོད་ཀྱང་།  [ མཁས་དབང་བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་ཏྲེ་ཧོར་ལོ་རྒྱུས་ལས་དྲངས། དེང་གི་མཁས་པ་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བོད་ཀྱི་རིག་གནས་རྣམ་བཤད་དུ་པུས་མོ་གཡས་པ་ལ་ཀ་བྲག་ཅེས་བྲིས་འདུག   བོད་ཀྱི་ལོ་རྒྱུས་རྙིང་པ་ཁག་ཏྲེ་ཀ་བྲག་འདི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་ཁོངས་སུ་བགྲངས་ཡོད་ཀྱང་།    ཕྱིས་སུ་བྲིས་པའི་ལོ་རྒྱུས་དང་ཆོས་འབྱུང་ཁག་རྣམས་སུ་འདི་ལ་སྣོན་འཕྲི་གང་མང་ཞིག་བྱས་འདུག་གསུངས།   ]   ཕྱིས་སུ་བྲིས་པའི་ལོ་རྒྱུས་དང་ཆོས་འབྱུང་ཁག་རྣམས་སུ་འདི་ལ་སྣོན་འཕྲི་གང་མང་ཞིག་བྱས་འདུག་གསུངས།    མདོར་ན་ཏྲེ་ཤོད་ཀ་བྲག་ཇོ་ཁང་འདི་ནི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་ཡ་གྱལ་གཅིག་ཡིན་པར་ར་སྤྲོད་བྱུང་ཡོད།   དེའི་རྗེས་ཀྱི་སྤྱི་ལོ་༧༣༠ལྕགས་ཕོ་རྟ་ཡི་ལོ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་པ་དང་།   ཁྲི་ཐོག་ལོ་ངོ་ཉེར་ལྔ་བཞུགས་རིང་བོད་ཀྱི་ཆབ་སྲིད་དང་།  ནང་ཆོས།  དམག་དོན།  རིག་གནས་སོགས་གང་ཐད་ནས་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་པ་དང་།    དེ་ཡང་སྤྱི་ལོ་༨༧༥ལོ་ནས་དབུས་གཙང་ཙམ་དུ་མ་ཟད་ཁམས་དང་ཨ་མདོ་བཅས་བོད་སྤྱི་ཡོངས་ཀྱི་རིག་གནས་དར་སྤེལ་གཏང་ཆེད་ཆོས་སྤྱོད་པའི་ཁོད་བཤམས་ཞེས་པའི་གྲྭ་བཙུགས།   དེ་ཡང་དཔལ་ན་ལེནྜ་ལ་དཔེ་བླངས་ནས།  བསླབ་པའི་གྲྭ་བཅུ་གཉིས།   ལྷར་འབུལ་བ་དྲུག   སྒོམ་ས་ཆེན་པོ་བརྒྱད།   སྒོམ་གྲྭ་ཆེན་པོ་བཞི  བློ་སྦྱོང་གི་གྲྭ་བཅུ་གཉིས་ཏེ་ཆོས་རིག་གི་ལྟེ་གནས་ཞེ་གཉིས་བཙུགས་སོ།།   འདི་དག་སྐབས་བབ་ཀྱི་དོན་དང་མ་འབྲེལ་བས་ཞིབ་ཏུ་མ་སྤྲོས་པ་ཡིན།   སྐབས་དེར་སློབ་དཔོན་བེེ་རོ་ཙ་ན་ཡང་ཁམས་སུ་ཕེབས་ནས་ཀ་བྲག་ཇོ་ཁང་འདིར་བཞུགས་ནས་ཡང་དག་སྒྲུབ་པའི་བདག་དོན་ལ་སོགས་རྒྱ་གཞུང་འགའ་ཞིག་བསྒྱུར་མྱངས་བར་གྲགས་ལ།    སློབ་དཔོན་ཁོང་གནས་འདི་ཡི་ལྷོ་རྒྱུད་ཙ་ཟླ་རིན་ཆེན་ཕུག་པ་རུ་བཞུགས་དུས་ཏྲེ་ཀ་བྲག་འདི་སློབ་གྲྭའི་རྣམ་པ་ཞིག་ཏུ་གྱུར་ནས་འདིར་སྙན་གྲགས་རྒྱས་པའི་སྐབས་ཡིན་ལ།   སློབ་དཔོན་བེེ་རོ་མཆོག་བསླབ་པའི་གྲྭ་ཀ་བྲག་ཏུ་ཕེབས་ནས་སྐུ་ཉིད་ཀྱི་ཕྱག་ཕྲེང་རྡོག་པོ་རེ་རེ་བཞིན་གཟུངས་བཞུགས་ཕུལ་བའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པར་གྲགས།   བསླབ་པའི་གྲྭ་ཀ་བྲག་འདིའང་སྔར་སྲོང་བཙན་གྱིས་བཞེངས་པའི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་དཀྱིལ་འཁོར་དེ་ལ་རྒྱ་བསྐྱེད་ནས་འདུ་ཁང་དང་ཆོས་ཁང་མང་པོ་བཞེངས་པར་གྲགས།   སྐབས་དེར་དེང་གི་ཇོ་བོ་ཡོད་སར་སྟོན་པའི་སྐུ་མཐོང་བ་རང་གྲོལ་བཞེངས་ནས་སློབ་དཔོན་བེེ་རོ་ཙ་ན་མཆོག་གིས་རབ་ཏུ་གནས་པར་ཡང་དག་མཛད་པ་དང་།   ཕྱིས་སུ་སྤྱི་ལོ་༨༩༠ལོར་བོད་རྒྱལ་ཁྲི་རལ་པ་ཅན་གྱིས་ཡབ་མེས་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་ལ་བསྐྱར་གསོ་ལེགས་པར་མཛད་པའི་དུས་སུ་ཡང་མདོ་ཁམས་ཏྲེ་ཀ་བྲག་དང་ཀློང་ཐང་སྒྲོལ་མ་ལྷ་ཁང་སོགས་ལ་ཡང་བསྐྱར་གསོ་མཛད་པའི་ལོ་རྒྱུས་ཡོད་པ་དང་།   དེའི་རྗེས་སུ་བོད་རྒྱལ་གླང་དར་མས་བོད་དུ་བསྟན་པ་བསྣུབས་སྐབས་སུ་མདོ་ཁམས་ཕྱོགས་ལ་དེ་ཙམ་སྐྱོན་ཆག་མ་བྱུང་བ་གསུངས་པ་བཞིན།    མདོ་ཁམས་སུ་སྡོམ་གསུམ་གྱི་རྒྱུན་དང་མདོ་སྔགས་ཀྱི་བཤད་རྒྱུན་སོགས་ནམ་དར་བ་ནས་ད་ལྟའི་བར་མ་ཆད་པར་གནས་ཞེས་ཆོས་འབྱུང་ཁག་ལས་གསུངས།    སྤྱི་ལོ་༩༠༢ལོར་དམར་གཡོ་གཙང་གསུམ་གྱིས་འདུལ་མངོན་སྐོར་གྱི་དཔེ་ཆ་དྲེལ་རྒྱབ་གཅིག་ཁྱེར་ནས་ཉིན་མོར་གབ་སྟེ་མཚན་མོར་བྲོས་བྱོལ་བྱས་པར་བརྒྱུད་སྟོད་མངའ་རིས་སུ་སོང་།   དེར་བསྡད་མ་ཕོད་པར་ཧོར་ཡུལ་དུ་བྱོན་ཀྱང་བསྟན་པ་སྤེལ་མ་ནུས་པར་གྲགས།   དེ་ནས་བརྒྱུད་དེ་སླར་མདོ་སྨད་དན་ཏིག་གི་ཡང་དགོན་དུ་བྱོན།    དེར་བཞུགས་པའི་ཚེ་ན་བོན་པོའི་བུ་མུ་ཟི་གསལ་དང་མཇལ་འཕྲད་བྱུང་བས་རབ་གསལ་གྱིས་མཁན་པོ་དང་དགེ་བའི་འབྱུང་གནས་ཀྱིས་སློབ་དཔོན་བྱས་ཏེ་བོན་བུ་མུ་ཟི་གསལ་རབ་ཏུ་བྱུང་བ་དང་།   དེའི་ཕྱིར་ལོར་ཡང་གོང་གི་མཁན་སློབ་གཉིས་ལ་བསྙེན་རྫོགས་ཞུས་པར་བྱས་ཀྱང་དགེ་སློང་ལྔ་མ་ཚང་བར་ཁམས་འདན་མའི་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་ལྷ་ལུང་དཔལ་རྡོར་བཞུགས་པས་དེའི་མདུན་ཞུས།   ལྷ་ལུང་དཔལ་རྡོས་ངས་ཁ་སྐོང་མི་རུང་ཡང་གཞན་བཙལ་བར་བྱེད་ཆོག་གསུངས་པས་རྒྱའི་དགེ་སློང་ཀོ་ཝང་དང་གྱི་བེན་བྱ་བ་གཉིས་ཞུས་བྱུང་བས་བསྙེན་པར་རྫོགས་ནས་མཚན་ལ་བླ་ཆེན་དགོངས་པ་རབ་གསལ་ཞེས་མཚན་གྱིས་མངའ་གསོལ་མཛད།   བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པའི་རྗེས་མི་ཉག་གྷའི་ཡུལ་དུ་བྱོན་ནས་ཡུན་རིང་བཞུགས་པར་གྲགས།   དེ་ནས་དབུས་སུ་ཕེབས་པར་དགོངས་ནས་མདོ་ཁམས་ཀློང་ཐང་དུ་ཕེབས་དུས་དབུས་སུ་མུ་གེ་ཆེན་པོ་ཞིག་བྱུང་བའི་གཏམ་ཐོས་ནས་ཕྱིར་འགྱངས་བྱེད་དགོས་པར་བྱུང་།    དེ་ནས་ཁམས་སུ་ཕེབས་ནས་ཤར་ཕྱོགས་སུ་ལྷ་རྩེ་བྷིག་ཏིག་ཟེར་བར་སྔོན་གྱི་ལྷ་རྟེན་མང་དུ་བཞུགས་པའི་དགེ་འདུན་པའི་སྡེ་ཡོད་ས་དེར་བཞུགས།  སྐབས་དེར་ཏྲེ་ཀ་བྲག་ཏུ་ཕེབས།   ཏྲེ་བོ་མཆོག་གི་བླ་མ་སྔོན་མས་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས།  ཏྲེ་བླ་མ་འདིས་ཀ་བྲག་ཏུ་འདུལ་བ་དང་ཤེར་ཕྱིན་སྐོར་གྱི་དཔེ་ཆ་འཆད་ཁྲིད་རྒྱ་ཆེར་མཛད་པར་གྲགས།  ལྷག་པར་དུ་བུ་སློབ་གྲངས་ལས་འདས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་།   དེ་ནས་དུས་ཡུན་རིང་པོ་སོང་བའི་རྗེས་སུ་འ་ཞ་ཡེ་ཤེས་གཡུང་དྲུང་ཁམས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ལེན་དུ་ཕེབས་ལམ་ནས་ལྷ་སར་འབྱོར།   ལྷ་སའི་གཙུག་ལག་ཁང་གི་ཁང་སྟེང་དུ་ཕེབས་སྐབས་ལྡེབས་རིས་ལས་དཔལ་མ་ཧཱ་ཀ་ལས་ཞལ་དངོས་སུ་གཟིགས་ནས་ ཐོད་པ་མི་ཁྲག་གི་གང་བའི་ནང་མིའི་རྩིབ་མས་ཐུར་མ་བྱས་ནས་གསོལ་བཞིན་པ་ལ་གསོལ་བར་བཏབ་པས་ང་ཁྱོད་ཀྱི་ཆོས་སྐྱོང་ཡིན།   ཟླ་བ་གཅིག་གི་ཡར་འཁོར་བར་གྱིས་ཤིག་ཅེས་གསུངས།   དེ་ནས་འ་ཞ་ཡེ་ཤེས་གཡུང་དྲུང་ཁམས་ཀྱི་ཏྲེ་བོའི་ཀ་བྲག་ཏུ་ཕྱིན།   བླ་ཆེན་གྱི་མཁན་བུ་ཏྲེ་བོ་མཆོག་གི་བླ་མ་སྔ་མ་བྱ་བ་ལ་ལོ་རྒྱུས་དང་བཀའ་འདྲི་ཞུས་པར།   བླ་མས་ངས་ཆུ་གཏོར་གཏོང་བ་ལ་འོང་གསུངས་ནས་སྡོམ་པ་ནོད་ལོངས་མེད་པར་མཁན་པོ་འདས་སོང་བས་ཆུ་གཏོར་བཏང་བ་ལ་འོང་གི་གསུངས་པ་ཙམ་ལས་སྡོམ་པ་ཐོབ་པར་བྱས་ནས།  ཕྱིས་སུ་དེ་ལ་དགེ་ཚུལ་ཆུ་གཏོར་མ་ཞེས་གྲགས།    འདིའི་སྡོམ་བརྒྱུད་ལ་འ་ཚོ་ཟེར་བར་དབུས་གཙང་དུ་དར་ཁྱབ་ཆེ་བར་གྱུར།   སྐབས་འདི་ཡན་མན་ལ་མངའ་རིས་ནས་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཀྱིས་བོད་ཡུལ་དུ་རྒྱལ་བསྟན་དག་གསལ་ཡོང་ཆེད་ནག་ཚོ་ལོ་ཙཱ་བ་སོགས་ལ་གསེར་མང་པོ་བསྐུར་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྤྱི་ལོ་༡༠༤༢་ལོར་བོད་དུ་སྤྱན་དྲངས་ནས་མངའ་རིས་མཐོ་ལྡིང་གཙུག་ལག་ཁང་དུ་བཞུགས།   སྤྱི་ལོ་༡༠༤༤ལོར་སྤུ་ཧྲེང་དུ་འབྲོམ་བསྟན་པ་རྒྱལ་བའི་འབྱུང་གནས་དང་མཇལ།   སྤྱི་ལོ་༡༠༤༨ལོར་ཇོ་བོ་རྗེ་ལྷ་སའི་ཇོ་ཁང་ནས་སྲོང་བཙན་རང་གིས་བཀོད་པའི་བཀའ་ཆེན་བཀའ་ཁོལ་མ་སོགས་གཏེར་ནས་བཏོན།  བསམ་ཡས་དང་།  ཡར་ལུང་སྙེ་ཐང་སོགས་སུ་ལོ་ངོ་དགུའི་རིང་ཆོས་འཆད།   དབུས་སུ་ཕེབས་ནས་ཆོས་གསུང་པ་དང་བསྒྱུར་བ།    བསྒྱུར་བཅོས་སོགས་མཛད།   སློབ་མ་ཡང་ཁུ་རྔོག་འབྲོམ་གསུམ་གཙོ་བོར་བྱས་པའི་ཡོལ་ཆོས་དབང་མཆེད་སོགས་གྲངས་ལས་འདས།    སྤྱི་ལོ་༡༠༥༦ལོར་ཏྲེ་བོ་ཀ་བྲག་ཏུ་ཏྲེ་བོ་མཆོག་གི་བླ་མ་ཕྱི་མ་སྐུ་འཁྲུངས།  ཏྲེ་བོ་མཆོག་གི་བླ་མ་ནི་ལོ་རྒྱུས་ཐོག་སྔ་ཕྱི་གཉིས་ཕེབས་པ་ཡང་དག་ཡིན།   དགུང་ལོ་བཅུ་བཞི་ཙམ་དུ་དབུས་སུ་ཕེབས་ནས་ཇོ་བོའི་དངོས་སློབ་རྔོག་ལེགས་པའི་ཤེས་རབ་ལས་རབ་ཏུ་བྱུང་།   ཆོས་སྡེ་སྣོད་གསུམ་ལ་མཁས་པར་སྦྱོང་།   རཱ་ལོ་ཙཱ་བ་ལས་གཤིན་རྗེ་གཤེགས་ཀྱི་ཆོས་སྐོར་ཡོངས་རྫོགས་ཞུས།  སྐབས་འདི་ཁོང་གིས་ཚའུ་ཏྲེ་བོ་མགོན་པོ་ཡང་དབུས་སུ་ཕེབས་ནས་རཱ་ལོའི་སྐུ་མདུན་སློབ་གཉེར་བྱེད་པར་མཉམ་དུ་ཁེལ།   དུས་ཡུན་རིང་ཙམ་གྱི་རྗེས་སུ་མ་གཅིག་ལབ་སྒྲོན་གྱིས་གདམས་པར་བཏབ་པའི་བུ་ཆེན་བཞི་ལས་དགེ་བཤེས་ཨེ་བསྟན་འབར་བ་མཆོག་གིས་ཏྲེ་བོའི་ཀ་བྲག་གི་གཙུག་ལག་ཁང་ལ་གཞི་བརྒྱ་ཆེ་བའི་མེ་ཡི་འཇིགས་པ་བྱུང་ནས་འཚིགས།   ཆོས་མཁས་པ་རྣམས་ཀྱང་ཕྱོགས་སོ་སོར་འཐོར།   ཨེ་བསྟན་འབར་བ་སོགས་ཡར་ཀའི་སྒྲུབ་ཁང་བེ་དེ་སྒང་དུ་ཡུན་རིང་བཞུགས་པར་གྲགས།   སྐབས་དེར་ཏྲེ་བོ་མཆོག་གི་བླ་མ་ཕྱི་མ་དེ་ཡིས་ལྷ་རིགས་རླངས་ཀྱི་གྲུབ་ཐོབ་ཆེན་པོ་ཡེ་ཤེས་རྒྱལ་མཚན་དབུས་ནས་གདན་འདྲེན་ཞུས།   སྤྱི་ལོ་༡༠༥༨ལོར་ཀ་བྲག་ཏུ་འབྱོར།   གྲུབ་ཐོབ་ཡེ་ཤེས་རྒྱལ་མཚན་ལ་ཏྲེ་ཀ་བྲག་སྐྱར་བཞེངས་བྱེད་རྒྱུའི་ཕྱག་རྫས་ལ་ཇ་སིག་རྩེ་མོ་(.ཇ་སྒམ)་སྤུས་ལེགས་བཅུ་དང་།  རྟ་མཚལ་ལུ་རལ་པ་ཅན་གཅིག       དངུལ་བྲེ་བཅུ་བཅས་ལས་གཞན་མེད་པར་སྣང་།   ཕྱོགས་སོ་སོའི་དད་ལྡན་ཡོན་བདག་རྣམས་ཀྱིས་འབྲུ་རིགས་དང་རྟ་ཟོག་ཕུལ་བས་གྲུབ་ཐོབ་དང་ཏྲེ་བོ་མཆོག་གི་བླ་མ་རྣམ་གཉིས་ཀྱིས་བསྐྱར་བཞེངས་མཛད།   ཏྲེ་ཆུ་ཉིན་སྲིབ་ནས་ལོ་ངོ་འགའི་རིང་ལེགས་པར་བཞེངས་གྲུབ་བྱུང་བ་དང་།   དེ་ནས་ཕྱོགས་མཐའ་ཀུན་ལས་ཆོས་འཆད་མཁས་དང་སློབ་གྲྭ་བ་མང་པོ་བསྡུས་ཏེ་འཆད་ཉན་གྱི་རྒྱུན་བསྐྱངས་ནས་མཁས་བཙུན་གཉིས་ལྡན་གྱི་སྐྱེས་ཆེན་དམ་་པ་མང་དུ་བྱུང་བར་གྲགས།   ཏྲེ་ཀ་བྲག་གི་བསྲུང་མ་ཡང་ཁྱབ་འཇུག་རཱ་ཧུ་ལ་དང་དམ་ཅན་རྡོ་རྗེ་ལེགས་པ་བཞུགས་སུ་གསོལ་།   དེ་ལྟར་ཆོས་ཐོགས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་ནས་གྲུབ་ཐོབ་ཡེ་ཤེས་རྒྱལ་མཚན་དེ་ཉིད་རྟ་ཤོད་དུ་འགྲོ་དོན་ཡོད་གསུངས་ནས་ཕེབས་སོ། །ཏྲེ་ཀ་བྲག་གི་གཙུག་ལག་ཁང་ཕྱི་ནང་དང་དགེ་འདུན་གྱི་སྡེ་རྣམས་ཇེ་རྒྱས་སུ་ཕྱིན།   དེ་རྗེས་རིང་པོ་མ་འགོར་བར་མགོན་ཁང་དང་འདུ་ཁང་སོགས་ལ་རྫ་ཇོ་གཡུ་རྩི་ཅན་གྱིས་ཐོག་འགེབས་བཀབ།   དེང་དུས་ཡང་ཀ་བྲག་གི་ས་འོག་ནས་རྫ་ཇོ་ཐོན་བཞིན་འདུག་ཅེས་བཤད།   འདི་ཡོན་རྒྱལ་རབས་སྐབས་སུ་ཐོན་པའི་རྫ་ཡོམ་མང་པོ་ཞིག་གླིང་གི་ཕ་ས་ཨ་ཕྱུག་དང་འགུ་གཟི་སོགས་ལའང་ད་ལྟ་ས་འོག་ནས་ཕོན་ཆེར་ཐོན་འདུག་པ་གྲགས་པས་དེ་དག་རིགས་གཅིག་ཡིན་པར་ར་སྤྲོད་བྱས་འདུག   སྐབས་དེའི་ཀ་རྡོ་ཡང་རྡོ་དཀར་པོ་དབྱིབས་གོར་གོར་པདྨའི་རི་མོ་ཞིབ་ཚགས་ཆེན་པོ་ཡོད་པ་ཤ་སྟག་རེད་ཅེས་དེང་དུས་ཀྱི་རྒན་པོ་རྒན་མོ་རྣམས་ཀྱིས་ངག་སྒྲོས་ལས་བྱུང་བ་དང་།  འདི་འགའ་རེ་ད་དུང་ཡང་ཀ་བྲག་གི་ས་གནས་དེར་ཡོད་པར་བཤད་དོ།    སྐབས་དེར་བཀའ་གདམས་གོང་མའི་སྐྱེས་ཆེན་མང་པོ་ཞིག་དང་།  མཉམ་མེད་དྭགས་པོ་རིན་པོ་ཆེའི་བུ་སློབ་ཀྱང་མང་དུ་ཕེབས་ནས་ཆོས་འཆད་ཉན་གྱི་སྟི་གནས་རྒྱ་ཆེར་ཕྱིན།  སྤྱི་ལོ་༡༡༡༧མེ་བྱ་ལོར་ཏྲེ་ཀ་བྲག་ཏུ་ཆོས་འཁོར་ཆེན་པོ་བསྐོར་ནས་གནས་འདིར་འཛོམས་པའི་དབུས་གཙང་ཕྱོགས་ཀྱི་བླ་ཆེན་གྲུབ་ཐོབ་དཔལ་འཛིན་ཞུ་བ་དང་།   རྒྱ་གར་གྱི་ལོ་ཆེན་བེེ་རོ་ཙ་ན་དང་།   ཇོ་བོ་རྗེའི་དངོས་སློབ་ཡོ་ཆོས་དབང་།    དྲང་སྲོང་།   ཐོག་འབེབས་དང་།   ཆག་སེངྒེ་གྲགས།   ཏྲེ་བོ་མཆོག་གི་བླ་མ།   དགེ་བཤེས་ཀྲ་ར་བ་ཆེན་པོ།   གཉན་ཁྲོད་སྲུང་མགོན་པོ།   ཏྲེ་བོ་མགོན་པོ་ཞུ་བ་སོགས་གྲངས་ལས་འདས་པ་ཕེབས་ནས་ཆོས་འཁོར་ཉིན་བརྒྱ་མ་གྲགས་པར་བསྐོར་བ་གྲགས།  དེ་ནས་བཟུང་ཆོས་འཁོར་དེ་དྲན་གསོའི་ཆེད་དུ་བྱ་ལོ་ནམ་ཤར་དུས་ཏྲེ་ཀ་བྲག་གི་གནས་འདུས་ལ་བརྩིས་ནས་སྤྱི་ལོ་༡༡༡༠ལོར་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་རྗེ་དུས་གསུམ་མཁྱེན་པ་མཆོག་ཏྲེ་ཤོད་གངས་ཀྱི་ར་བར་དེང་གི་དཀར་མཛེས་རྫོངས་འབག་མཆོག་གྲོང་དུ་སྤོས་ཆུ་ཞེས་པའི་ཡུལ་སྡེ་ཡབ་སྒོམ་པ་རྡོ་རྗེ་དང་།   ཡུམ་ལྷ་ཐོག་བཟའ་སྤང་ལྕམ་མིག་འདྲེན་མ་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས།    མཚན་ལ་དགེ་འཕེལ་ཞུ།   ཡབ་ལས་རང་བྱུང་རྒྱལ་པོའི་སྲོག་སྙིང་ཞུས་ནས་བསྒྲུབས་ལ་བརྩོན་པས་རིང་པོ་མ་ཐོགས་པར་གྲུབ་པར་བརྙེས།   བླ་མ་རྒྱ་གར་བེེ་རོ་ཙ་ན་དང་གྲུབ་ཐོབ་དཔལ་འཛིན་གཉིས་ཞལ་མཇལ་ནས་གདམས་ངག་མང་དུ་གསན།   བྲམ་ཟེ་མཆོག་སྲེད་ལས་མགོན་པོ་ཞུས་ནས་བསྒྲུབས།   བདེ་སྐྱིད་སྟེང་ཟེར་བའི་གྲོང་དུ་མི་ཚང་ཕྱུག་པོ་ཞིག་ཡོད་པ་དེར་གཡོག་པོ་མཛད་ནས་ལོ་གཉིས་བཞུགས།   ནོར་བརྒྱ་ཁུག་ཟེར་བར་གྲུབ་པའི་རྟགས་བྲག་ལ་བཞག་པའི་ཞབས་རྗེས་དང་གསོལ་ཆུ་ཆུ་མིག་གཏེར་དུ་གཏོན།  ད་ལྟ་ཚེ་ཆུ་ཟེར་བའི་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་དེ་འཐུང་རྒྱུ་ཡོད་པར་མ་ཟད་ཆོས་དད་པ་ཚོས་དེ་ལ་དམ་རྫས་རྩིས་ཏེ་ཁུར་འགྲོ་བ་སོགས་མངོན་སུམ་ཚད་མའི་ཡུལ་ལས་མཐོང་བར་མངོན།   དུས་གསུམ་མཁྱེན་པ་དགུང་ལོ་བཅུ་དྲུག་ལ་ཆོས་འཁོར་ཀ་བྲག་ཏུ་ཕེབས་ཏེ་མཁན་པོ་ཏྲེ་བོ་མཆོག་གི་བླ་མ་དགུང་ལོ་བཅུ་བདུན་ཅན་དང་སློབ་དཔོན་ཆགས་སེངྒེ་གྲགས་ལས་རབ་ཏུ་བྱུང་།   དཔལ་ཆོས་ཀྱི་གྲགས་པ་ཞེས་མཚན་གསོལ།   གཙུག་ཕུད་དོར་བའི་ཚེ་ཡེ་ཤེས་ཀྱི་ཌཱཀྐི་མ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་ཏྲེ་ཀ་བྲག་གཙུག་ལག་ཁང་གི་ཐད་ཀྱི་ནམ་མཁའ་ལས་མཁའ་འགྲོའི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་གི་ཅོད་པན་བཅིངས་ཏེ་ཞལ་ནས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཀརྨ་པ་ཞེས་མཚན་གསོལ་བ་གཟིགས་པས་ཕྱིས་སུ་དབུ་ཞྭ་ནག་པོ་མནབས།   ཇོ་བོའི་སློབ་མ་ཡོལ་ཆོས་དབང་དང་།   དེའི་སློབ་མ་དགེ་བཤེས་ཀྲ་ར་བ་མཆེད་གཉིས་ལས་ཇོ་བོའི་ལུགས་ཀྱི་བདེ་མཆོག་གི་དབང་དང་།   མི་གཡོ་བ་ལ་སོགས་པའི་ཇོ་ལུགས་དང་།   གསང་སྔགས་ཀྱི་སྒྲུབ་ཐབས་མང་པོ་ཞུས།   སྒྲུབ་པར་མཛད་པས་ཉམས་རྟོགས་འཕེལ་ནས་གྲུབ་རྟགས་མ་པོར་བྱུང་བར་གྲགས།   ཆོས་འཁོར་ཀ་བྲག་ཏུ་ལོ་གསུམ་གྱི་རིང་ལ་དགེ་འདུན་གྱི་ཚུལ་དུ་ཆོས་གྲྭར་ཞུགས།   ཕྱིས་སུ་ཏྲེ་ཀ་བྲག་ལ་ཀམ་ཚང་བཀའ་བརྒྱུད་པའི་ཀ་བྲག་རྡོ་རྗེའི་གདན་ཞེས་གནས་ཆེན་ལ་བརྩིས་པའི་རྒྱུ་མཚན་ནི་ཀརྨ་པ་སྐུ་ཕྲེང་དང་པོ་འདི་སངས་རྒྱས་དངོས་ཀྱི་ཕྲིན་ལས་ཀྱི་རང་གཟུགས་ལུང་དུ་བསྟན་པར་དེའི་ཚེ་ང་ནི་ཀརྨ་པ་གསུངས་པས་ན་དེ་རབ་ཏུ་བྱུང་བའི་གནས་མཆོག་ཡིན་ཕྱིར་དེ་ལྟར་བརྗོད་པར་གྲགས།   དགུང་ལོ་ཉི་ཤུའི་དུས་དབུས་སུ་ཕེབས།   དེའི་རྗེས་ཏྲེ་བོ་མགོན་པོ་མཆོག་གིས་ཆོས་འཁོར་ཀ་བྲག་གི་གདན་ས་འཛིན།    ཏྲེ་བོ་མགོན་པོ་སྐུ་ན་ཕྲ་བའི་དུས་སུ་ཁུ་བོ་ཏྲེ་བོ་མཆོག་གི་བླ་མ་དང་མཉམ་དུ་དབུས་སུ་ཕེབས་ཏེ་གྲུབ་ཐོབ་མི་ཏྲ་ཛོ་ཀི་ལ་སོགས་པའི་ལོ་པཎ་མང་པོར་བསྟེན་ནས།   དབང་ལུང་མན་ངག་དང་ཆོས་སྤྱོད་སློབ་གཉེར་མཐའ་ཡས་པར་མཛད།   རཱ་ལོ་ཙཱ་བ་ལས་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་ཞུས་ཏེ་བོད་ལ་མཁས་པ་ཏྲེ་བོ་མགོན་པོ་ཞེས་གྲགས་སོ།།    དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་སྐོར་ལ་ཏྲེ་བོ་འདིས་གཞུང་གདམས་ངག་ཐམས་ཅད་མནོས་ཏེ་རྒྱ་ཆེར་གསུངས་ནས་དེའི་བརྒྱུད་པ་ཡང་མང་པོ་བྱུང་བ་དང་།  དཔལ་གསང་བ་འདུས་པ་རྒྱུད་ཀྱི་བཤད་པ་ཡང་རྒྱ་ཆེར་སྤེལ་ནས་སློབ་མ་མང་དུ་བྱུང་ནས་འཆད་ཉན་གྱི་བསྟན་པ་ཉི་མ་བཞིན་གསལ་བར་མཛད།   དེ་ལྟར་ཏྲེ་ཀ་བྲག་ཇོ་ཁང་འདི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་གངས་ཅན་བོད་ཀྱི་བསྟན་སྐལ། དབུས་ལྷ་ལྡན་གྱི་གཙུག་ལག་ཁང་གི་རྒྱལ་བའི་ཞལ་སྐྱིན་ཇོ་བོ་ཤཱཀྱ་སེངྒེའི་སྐུ་གསུང་ཐུགས་དང་བྱིན་རླབས་མཉམ་པའི་མདོ་ཁམས་ཏྲེ་བོའི་ཀ་བྲག་ཇོ་བོ་ཞེས་མཚན་སྙན་འཛམ་གླིང་གི་ཐ་གྲུ་ཀུན་ཏུ་རླུང་ལྟར་གྲགས་པའི་བ་དན་གཡོ་ཞིང་།   དད་ལྡན་འགྲོ་བ་འདྲེན་པའི་མིག་རྒྱན།  འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས།  སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པས་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་རློབས་པའི་རྡོ་རྗེའི་གདན་གཉིས་པ།   དེང་དུས་འཛམ་གླིང་གི་མཁས་པ་དང་གྲུབ་པའི་ས་མཐོར་གཤེགས་པ་རྣམས་ཀྱིས་གདེང་འཇོག་ཚད་མེད་གནང་ནས།   ཡུལ་སྐོར་ལྗོངས་རྒྱུའི་བུ་ཡུག་འཚུབ་པའི་བསྟི་གནས་སུ་གྱུར་ཏེ་དཀར་མཛེས་རྫོང་གི་དངོས་མིན་རིག་གནས་ཤུལ་བཞག་གི་གཙོ་བོར་གྱུར་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1