༄༅།།རྡོ་རྗེ་ཚེ་རྒྱལ་རྟོགས་བརྗོད་གེ་སར་གཞད་པའི་ཟེའུ་ཕྲེང་ཞེས་བྱ་བ་བཞུགས་སོ།།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-12


    རྒྱལ་ཀུན་གསང་གསུམ་ཡེ་ཤེས་ཟློས་གར་འཕོ་ཆེན་འོད་ཀྱི་བདེ་སྟོང་སྐུ།  །གཉིས་མེད་མཉམ་པ་ཆེན་པོའི་ཀློང་ནས་རང་བྱུང་ཡེ་ཤེས་རྩོལ་མེད་རྙེད།  །རྒྱུ་རྐྱེན་ལྟོས་མེད་རིག་པའི་ཁྱེའུ་ཆུང་མཚོ་སྐྱེས་པདྨའི་སྦུབས་འབྱེད་པ།  །རྩ་གསུམ་ཀུན་འདུས་འགྲོ་བའི་བླ་མའི་ཞབས་སེན་ནོར་བུའི་གཙུག་ཏུ་བཀུར། །གང་གི་གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་ཐུགས་རྗེ་གྲུབ་པའི་རང་རྩལ་ལས།  །མ་འགག་བདེ་གཤེགས་སྲས་ཀྱི་ཐུ་བོ་ཕྲིན་ལས་རྣམ་བཞིའི་ལས་ལ་དགྱེས། །སྐུ་དང་ཡེ་ཤེས་འདུ་འབྲལ་དབྱེར་མེད་དྲང་སྲོང་ཌཱ་ཀིའི་ཚོགས་དབུས་སུ། །དཔའ་བོ་དགྱེས་པའི་ལས་ལ་རྔམ་པའི་གེ་སར་་རྒྱལ་པོའི་ཤིས་པར་སྩོལ། །ཁྱེད་སྐུ་ཟླ་དཀར་ཆ་ཤས་ཡོངས་རྫོགས་མཚན་དཔེའི་རི་དྭགས་གཟུགས་ཀྱིས་བཀྲ། །གཞོམ་མེད་གསུང་གི་རྡོ་རྗེའི་དབྱངས་ཀྱིས་ཐེག་དགུའི་དམ་ཆོས་ཆར་དུ་བསྙིལ།  །རབ་འབྱམས་རྒྱལ་བའི་དགོངས་པའི་བདུད་རྩི་ཐུགས་ཀྱི་བུམ་པར་ཡོངས་སུ་འཁྱིལ།  །གསང་གསུམ་ཡོན་ཏན་ཡེ་ཤེས་ཕྲིན་ལས་རིགས་གསུམ་པདྨའི་རྣམ་འཕྲུལ་རྒྱལ།  །༡རབ་དཀར་བཞད་པའི་ཞལ་བཟང་ཞི་བས་མཚན་པའི་ལང་ཚོའི་འཇོ་སྒེག་ལས།  །མགུལ་པར་དུང་དཀར་རི་མོ་འཁྱིལ་བར་གསེར་གྭ་མེ་ལོང་རྒྱན་གྱིས་སྤྲས། །ཟ་འོག་མཐོན་མཐིང་ལྷ་རྫས་དམ་པའི་སྲབ་འཇམ་ལྷ་ཡི་ན་བཟའ་བཀླུབས། །དཀར་དམར་མཐིང་སོགས་ནོར་བུའི་ཕྲེང་བར་མེ་ཏོག་སྣ་ཚོགས་དོ་ཤལ་དཔྱང་། །འཇའ་ཟེར་འོད་ལྔའི་མདངས་ཀྱིས་གྲོལ་བའི་དབུ་སྐྲ་སིལ་བུས་སྐུ་རྒྱབ་ཁེབས། །དཀར་དམར་མདངས་ལྡན་རྨ་བྱའི་སྒྲོ་ཕོན་ཉི་ཟླས་རྒྱན་པའི་ཕྱིང་ཞྭ་མནབས། །ཕྱག་གཡོན་རིན་ཆེན་མདའ་གཞུ་འཛིན་ཞིང་གཡས་པས་སྡིག་མཛུབ་ས་ལ་གཏད།  །ཞབས་ཟུང་རྒྱལ་པོ་རོལ་པའི་སྟབས་ཀྱིས་གསེར་སྦྱངས་ནོར་བུའི་ཁྲི་ལ་འགྱིངས།  །ཕྱི་ལྟར་འཁོར་གསུམ་དགྲ་ལ་རྔམ་པའི་དཔའ་བོའི་གོ་མཚོན་སྐུ་ལ་རྫོགས།  །ནང་ལྟར་ཐུགས་རྗེ་ཀུན་ལ་སྙོམས་པའི་སྟོང་ཉིད་སྙིང་རྗེའི་ཟུང་དུ་འཇུག  །གསང་བ་ཡེ་ཤེས་གཅིག་གི་ངོ་བོར་བསམ་ཡས་སྤྲུལ་པ་སྣ་ཚོགས་འགྱེད། །སྐྱེ་འཆིའི་མཚན་རྟོག་རང་སར་གྲོལ་བའི་རྡོ་རྗེ་ཚེ་རྒྱལ་གཟུགས་སྐུ་བཞེངས།  །༢དྭངས་གསལ་མཁའ་དབྱིངས་འཇའ་འོད་མུ་འཁྱུད་ཆུ་འཛིན་དཀར་པོའི་ལྡིང་ཁང་ནས།  །རིན་ཆེན་གསེར་ཁྲིར་ཟ་འོག་འབོལ་དང་དམ་སྲི་འདུལ་བའི་གཡང་གཞིའི་སྟེང་། །ཞི་འཛུམ་འཇོ་སྒེག་ལང་ཚོ་གསར་པའི་དཀར་གསལ་བཞིན་བཟང་ཉ་གང་ཟླ།  །བལྟ་བས་མི་ངོམས་གཟི་བྱིན་འབར་ཞིང་ཟ་བེར་མཐིང་གའི་ན་བཟའ་གསོལ།  །ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་འཛིན་ཞིང་སྲིད་ཞིའི་དྭངས་བཅུད་དབང་དུ་བསྡུད།  །གཡོན་པས་མེ་ཏོག་ཕྲེང་བ་བསྣམས་ཤིང་བདེ་སྟོང་ཟུང་གི་ཉམས་བརྒྱ་འབར།  །ཞབས་ཟུང་ཕྱེད་སྐྱིལ་སག་ལྷམ་དམར་པོར་པ་ཏྲའི་འཇའ་རིས་གཡས་སུ་འཁྱིལ།  །དབང་བསྡུད་གེ་སར་་འོད་དམར་ཀློང་དུ་ཝེར་མའི་ཚོགས་ཀྱིས་་བསྐོར་ཞིང་བཞུགས།  །༣རྡུལ་བྲལ་དག་པའི་མཁའ་དབྱིངས་རབ་གསལ་འཇའ་ཟེར་བཀྲ་བའི་གུར་ཁྱིམ་དབུས།  །དག་པར་ལྷ་ཡི་རྣམ་རྒྱལ་ཁང་བཟང་བདེ་ལྡན་གཞལ་མེད་ཕོ་བྲང་དུ།  །ཞི་འཛུམ་སྒེག་པའི་ཉམས་ཀྱི་ལང་ཚོ་སྐུ་མདོག་གསེར་གྱི་ལྷུན་པོ་ལ།  །ཅུང་ཟད་ཁྲོས་པའི་ཞལ་གྱི་དཀྱིལ་འཁོར་སྤྱན་ཟུང་ཉི་ཟླའི་འོད་དུ་འཚེར། །དབུ་ལ་རིན་ཆེན་ནོར་བུ་འབར་བའི་རིགས་ལྔའི་པྲོག་ཞུའི་ཅོད་པན་འཆང་།  །སྙན་གོང་རིན་ཆེན་ཕྲ་ཚོམ་བཏབ་པའི་པ་ཏྲ་འཁྱིལ་བའི་རྒྱན་གྱིས་སྤུད།  །མགུལ་པར་གསེར་གྭ་རིན་ཆེན་གཟི་བྱུ་མུ་ཏིག་ཕྲེང་བའི་དོ་ཤལ་དཔྱང་།  །སྐུ་སྟོད་སྲབ་འཇམ་ལྷ་ཡི་ན་བཟའ་འཁྲིལ་བག་ལང་ཚོ་གསར་པའི་རྒྱན།  །ཕྱག་གཡས་དགོས་འདོད་འབྱུང་བའི་ནོར་བུའི་འགྲོ་བློའི་དབུལ་བ་སེལ་མཛད་ཅིང་།  །གཡས་པས་མདའ་གཞུའི་ཐབས་ཤེས་དབྱེར་མེད་འདོད་རྒུ་སྣ་ཚོགས་ཆར་དུ་བསྙིལ། །ཞབས་ཟུང་བདེ་ཆགས་གཡས་རྐྱང་གཡོན་རྐུན་རིན་ཆེན་སེང་ཁྲིའི་གདན་ལ་བཞུགས། །༤དུས་གསུམ་རྒྱལ་བའི་ཐུགས་རྗེའི་རང་གཟུགས་ངོ་བོ་སེང་ཆེན་རྒྱལ་པོ་ལ།  །སྣ་ཚོགས་སྒྱུ་འཕྲུལ་རོལ་པའི་ཟློས་གར་རྣམ་པར་མི་སྡུག་འཇིགས་རུང་གཟུགས།  །ཞལ་གདང་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས། །གནོད་སྦྱིན་་ཁྲོས་པའི་གད་རྒྱང་སྒྲོགས་ཤིང་དུག་སྦྲུལ་ནག་པོའི་དོ་ཤལ་དཔྱང་།  །འོ་མའི་ཆུ་གཏེར་རིན་ཆེན་སྣ་ཚོགས་རླབས་ཀྱིས་དཀྲུགས་པའི་འཇིང་དབུས་སུ།  །པདྨ་དམར་པོ་འདབ་སྟོང་བཞད་པའི་ཉི་ཟླས་མཚན་པའི་གདན་སྟེང་དུ།  །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱའི་མཐིལ་དུ་རིན་ཆེན་ཙིནྡྷ་མ་ཎི་དང་།  །གཡས་པས་ནོར་སྐྱུགས་ནེའུ་ལེ་སྔོ་སྐྱ་མཆན་དུ་ཁ་ཊཾ་རྩེ་གསུམ་འཛིན།  །འཁོར་དུ་ནོར་ལྷ་རྣམ་བཞིའི་རང་འོད་ཕྱོགས་མདོག་བཞེངས་སྟབས་ཞི་འཛུམ་གྱིས།  །ཕྱོགས་ཀྱི་ཐ་གྲུ་ཀུན་ནས་བསྐོར་བའི་གནོད་སྦྱིན་ནོར་བདག་རྡུལ་ལྟར་འཚུབ།  །ཞི་དང་ཁྲོ་བོའི་སྣ་ཚོགས་གཟུགས་ཀྱིས་སྲིད་པའི་ཁྱོན་འདིར་དབང་བསྒྱུར་བའི། །སྨུག་ནག་རབ་ཁྲོས་འཇིག་པའི་གཟུགས་གྱུར་ནོར་བདག་ཛཾ་ལྷའི་གཟུགས་སྐུ་བཞེངས།།༥རྡུལ་བྲལ་དག་པར་མཁའ་དབྱིངས་རབ་ཡངས་དྭངས་གསལ་བེེཌུའི་མདངས་སྔོན་དབུས།  །གསལ་འགྲིབ་མེད་པའི་ཉི་ཟླའི་འོད་སྣང་འཇའ་ཟེར་འཁྱིལ་བའི་གུར་ཁྱིམ་ནས།  །བྱང་ཆུབ་མཚོ་དབུས་པདྨའི་འཁྲི་ཤིང་འདབ་སྟོང་བཞད་པའི་གདན་སྟེང་དུ།  །གངས་རི་ལྷུན་པོར་ཉི་གཞོན་གྱིས་འཁྱུད་མདངས་ལ་འཁུ་བའི་སེང་ཆེན་རྗེ། །ཞི་འཛུམ་འཇོ་སྒེག་བདེ་སྟོང་ཟུང་འཇུག་སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ། །ཕྱག་གཡས་བརྐྱངས་བའི་ཕྱག་སོར་རྩེ་ནས་པདྨ་དཀར་པོའི་འཁྲི་ཤིང་དང་།  །གཡོན་པས་ཐབས་ཤེས་ཟུང་དུ་འཇུག་པའི་ལྕགས་ཀྱི་མདའ་གཞུ་སྔོན་མོ་བསྣམས།  །དཀར་གསལ་དྲི་མེད་ཟླ་བའི་མདངས་འཕྲོ་ཕྱྭིང་ཞྭ་ཟླུམ་པོའི་དབུ་ལ་རྒྱན། །མཛེས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོན་ནོར་བུའི་ཏོག་ལ་མེ་ལོང་དཔྱང་།  །སྙན་ཟུང་གཡས་འཁྱིལ་འདབ་སྟོང་གྲོལ་བའི་གསེར་གྱི་པདྨ་ཁ་འབྱེད་ཅིང་། །མགུལ་པར་རིན་ཆེན་ཕྲ་ཚོམ་གྱིས་མཛེས་གསལ་འཚེར་མུ་ཏིག་ཕྲེང་བས་རྒྱན།  །གསང་གོས་དཀར་ལ་འདུང་མ་དམར་པོ་ཟ་བེར་མཐིང་གའི་ན་བཟའ་གསོལ། །དུས་གསུམ་མཁྱེན་པའི་ཡེ་ཤེས་སྣང་བས་ལེགས་ཉེས་འབྱེད་པའི་མདའ་མོ་ཡིས།  །སྐད་ཅིག་བསྐལ་པར་ཆགས་ཐོགས་སྒྲིབ་བྲལ་གཉིས་མེད་ཐུགས་ཀྱིས་སར་ལེ་མཁྱེན།  །ཐུགས་རྗེའི་སྤྱན་རས་དུས་ལས་མི་ཡོལ་གདུལ་བྱའི་རྒྱུད་ལ་བརྩེ་བས་གཟིགས།  །མངོན་ཤེས་དྲུག་གིས་ཡེ་ཤེས་རང་སྣང་མདའ་མོའི་གེ་སར་གཟུགས་སྐུ་བཞེངས།  །༦ཤར་ཕྱོགས་ཤེལ་དཀར་རྨ་རྒྱལ་སྤོ་མཐོ་གངས་རིའི་བརྗིད་པའི་ཕོ་བྲང་ན།  ། མི་འགྱུར་གཡུང་དྲུང་འཁྱིལ་བའི་དོན་དམ་ཆོས་དབྱིངས་སྟོང་པའི་ངང་ཉིད་ལས།  །སྣང་སྲིད་གསལ་བའི་འོད་ཁྱིམ་ཀློང་ནས་སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ།  །རང་བྱུང་ཐུགས་རྗེའི་རང་རྩལ་འགག་མེད་གེ་སར་ནོར་བུ་དགྲ་འདུལ་བཞུགས།  །ཕྱྭ་གཤེན་རྣོ་མཐོང་འཕྲུལ་གྱི་ལྷ་ཚོགས་ཨཿདཀར་འོད་ཀྱི་ཝེར་མ་ནི།  །ཁྱེའུ་ཆུང་བརྒྱད་གཉིས་ལང་ཚོའི་རྒྱན་པའི་ངོ་མཚར་མཚན་དཔེའི་གཟུགས་ཀྱི་སྐུ།  །དཀར་གསལ་དག་པར་ཤེལ་གྱི་ཟླ་ལ་བཞིན་བཟང་ཞི་འཛུམ་སྒེག་པའི་ཉམས།  །ཕྱག་གཡས་རིན་ཆེན་སྣང་གསལ་འཛིན་ཞིང་སྲིད་པ་གསུམ་པོ་ལམ་མེར་གསལ།  །གཡོན་པས་རཏྣའི་མེ་ལོང་ཐོགས་པས་སྒྲིབ་བྲལ་ཟག་མེད་ཡེ་ཤེས་འཆར།།སྲབ་འཇམ་ཡང་བའི་ལྷ་རྫས་དར་དཀར་འཇའ་སྤྲིན་མདངས་ཀྱིས་སྐུ་ལ་འཁྲིལ།  །པདྨ་རྒྱས་པའི་ཟླ་བའི་གདན་ལ་ཕྱེད་སྐྱིལ་འགྱིང་བའི་གར་སྟབས་སུ།  །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་གྲུབ་པའི་མཁའ་སྤྱོད་འཇའ་ཟེར་དབུས་ན་བཞུགས།  །བདེ་སྟོང་ཀློང་ནས་རྡོ་རྗེའི་གར་དང་སྙན་འཇེབས་དབྱངས་ཀྱི་བརྡ་བསྒྱུར་བའི། །སྒེག་ཆགས་དགེ་ཡུམ་གསང་བའི་ལྷ་མོའི་ཕྱག་གཡོན་འོད་ལྔའི་མེ་ལོང་དང་། །གཡས་པས་དྲི་བཟང་བཅུད་ཀྱིས་གཏམ་པའི་རིན་ཆེན་བཀྲ་ཤིས་བུམ་བཟང་ཐོགས།  །འཇའ་སྤྲིན་མཆོད་པའི་མེ་ཏོག་འཐོར་ཞིང་བདུག་སྤོས་བསུང་ངད་ཕྱོགས་མཐར་སྤྲོས།  །རིག་པའི་རྒྱལ་པོ་རིག་འཛིན་ཡོངས་ཀྱི་ཐུགས་རྗེའི་འགྲོ་ལ་རྗེས་ཆགས་གཟུགས།  །ལྔ་བདོའི་ཆེར་སྙིགས་བརྩོད་ལྡན་དུས་ཀྱི་གདུལ་བྱའི་བསོད་ནམས་ལྷག་མར་ནི།  །ཕྲིན་ལས་རྣམ་བཞིའི་དགྱེས་བཞིན་སྐྱོང་བར་འདུལ་མཛད་སྐྱེས་མཆོག་སེང་ཆེན་རྗེ།  །ཆུ་སེན་མེ་ལོང་རྟེན་འབྲེལ་བརྟག་མཁས་པྲ་ལྷའི་གེ་སར་རྒྱལ་པོ་མཁྱེན།  །༧འཆི་མེད་སྟོང་ཆེན་མཁའ་དབྱིངས་ལམ་ལས་ཆུ་འཛིན་རྦ་རླབས་བསྣོལ་མའི་དབུས།  །གཡུ་འབྲུག་སྔོན་མོར་ཆིབས་སུ་རོལ་ཞིང་བཟའ་དང་རྒྱུ་སྐར་བྲན་དུ་འགུགས། །ཉི་ཟླ་འབར་བའི་སྤྱན་ཟུང་བགྲད་ཞིང་ལྷོ་སྤྲིན་སྨུག་པོའི་གཡང་གཞི་འཆང་།  །ཞལ་རླངས་ན་བུན་དུད་སྤྲིན་འཁྲིགས་ཤིང་ཤང་ནས་དུས་མཐའི་རླུང་དམར་འཚུབས།  །ཕྱག་གཡས་བ་དན་དཀར་པོ་འཕྱར་ཞིང་ལྷ་སྲིན་སྡེ་བརྒྱད་དབང་དུ་འདུས།  །གཡོན་པས་གློག་གི་ཞགས་པ་འཕེན་བཞིན་ཐེའུ་རང་དམ་སྲི་འཆིང་བར་བྱེད།  །ཧྰུྃ་ཕཊ་དྲག་པོའི་འབྲུག་སྟོང་ལྡིར་བས་བདུད་སྡེའི་ཚེ་སྲོག་དུས་གཅིག་བཀུམས།  །སྲིད་པ་གསུམ་པོ་དབང་དུ་འདུ་བའི་མཁའ་ལ་རྒྱུ་བའི་གེ་སར་གྲགས།  །༨གང་གི་གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་ཐུགས་རྗེའི་སྐྱེས་མཆོག་སྤྲུལ་པའི་གར། །རྫུལ་འཕྲུལ་ཐོགས་མེད་རླུང་གིས་རྗེས་གཅོད་རྐྱང་རྒོད་འཕེར་པོའི་ཆིབས་གོང་ནས།  །དགྲ་ལྷའི་འཁོར་གསུམ་སྐུ་ལ་རྫོགས་ཤིང་ཝེར་མའི་ཚོགས་ཀྱིས་མཐུ་དཔུང་བསྐྱེད།  །དགྲ་ལ་རྔམས་ཤིང་གཡུལ་ལ་དགྱེས་པའི་བར་སྣང་རྒྱུ་བའི་གེ་སར་རྗེ།  །༩གདོད་ནས་ཐུགས་རྗེའི་ཞི་བའི་དབྱིངས་ལས་འགག་མེད་འཇིགས་བྱེད་རབ་ཁྲོས་གཟུགས། །བསྐལ་པ་འཁྲུགས་པའི་མེ་དཔུང་ཀློང་ནས་གཤིན་རྗེ་ཡ་མ་རཱ་ཛ་ནི།  །སྐུ་མདོག་སྨུག་ནག་མ་ཧེའི་གདོང་ལ་སྤྱན་གསུམ་སྡང་མིག་དགྲ་ལ་གཟིར།  །ཞལ་དགུ་བཅུ་དྲུག་ཕྱག་བརྒྱ་དཀྲོལ་ཞིང་བརྒྱད་གཉིས་བརྐྱང་བསྐུམ་ཞབས་རྣམས་བསྒྱུར།  །ཕྱག་གཡས་དང་པོའི་དམ་ཉམས་དགྲ་བོའི་ཀླད་ཁྲག་དྲོན་མོ་ཞལ་དུ་གསོལ།  །གཡོན་གྱི་དང་པོའི་གནམ་ལྕགས་འབར་བའི་གྲི་གུག་ཟླུམ་པོ་དགྲ་ལ་རྔམ།  །ཤེས་རབ་འབར་བའི་རལ་གྲི་ཕྱར་བས་མ་རུང་སྲིན་པོའི་མགོ་བོ་འབྲེད།  །དྲག་ཏུ་འཁྲུགས་པའི་རྡོ་རྗེའི་མདུང་རིང་དམ་ཉམས་སྲོག་གི་སྙིང་ལ་གཟིར།  །འབར་བའི་ལྕགས་གྲིས་རྒོལ་བའི་མིག་འབྲུལ་རྣལ་འབྱོར་སྲུང་མའི་ཟི་ར་ཁོལ།  །སྡེ་བརྒྱད་གནད་གཅུན་ཞལ་གྱི་རྦ་ཀློང་རཀྟའི་རྒྱ་མཚོ་གྱེན་དུ་འཁྲུགས།  །དྲག་སྔགས་དམོད་པའི་ཐོག་སེར་འབེབས་ཤིང་ཤངས་ནས་དུས་མཐའི་རླུང་དམར་འཚུབ།  །རྡོ་རྗེ་ཁྲོས་པའི་མེ་རླུང་འཁྱིལ་ཤིང་ཚེམས་ཀྱི་གངས་རིས་སྐྱིན་ཐང་འབེབས།  །བརྟེན་གཡོ་སྣང་སྲིད་ཆ་ལང་བརྡེབ་ཅིང་སྡང་དགྲའི་ཕོ་རྒྱུད་རྩད་ནས་བཅད། །རྡོ་རྗེ་རབ་ཁྲོས་གད་རྒྱང་བསྒྲོགས་པས་དགྲ་བོའི་མོ་རྒྱུད་མངལ་ནས་བསྐམས།  །ཕྲིན་ལས་རྣམ་བཞིའི་ལས་ལ་དགྱེས་ཤིང་དགྲ་ལྷ་ཝེར་མའི་སྐར་མདའ་འཕྲོ།  །འཇིགས་བྱེད་རབ་འཁྲོས་ས་གཞིར་རྒྱུ་བའི་སེང་ཆེན་ནོར་བུ་དགྲ་འདུལ་རྩལ།  །༡༠སྲིད་ཞིའི་དྭངས་བཅུད་གཡོ་ཞིང་བསྡུད་པའི་གཞལ་མེད་བརྩེགས་པའི་ཕོ་བྲང་ནས།  །སེང་གེ་གླང་ཆེན་ཤང་ཤང་རྨ་བྱས་ཕྱོགས་བཞིར་བཏེགས་པའི་རིན་ཆེན་ཁྲིར།  །ཞི་འཛུམ་སྒེག་ཆགས་དཔའ་བོའི་ཉམས་ཀྱི་རྒྱལ་པོ་རོལ་པའི་གར་སྟབས་སུ།  །དགྲ་ལྷའི་གོ་མཚོན་སྐུ་ལ་རྫོགས་ཤིང་ཝེར་མའི་ཚོགས་ཀྱིས་བསྐོར་ཞིང་བཞུགས། །ཕྱག་གཡས་བསམ་འཕེལ་དབང་གི་རྒྱལ་པོའི་འགྲོ་བློའི་དབུལ་བར་སེལ་མཛད་ཅིང་། །གཡོན་པས་འཛད་མེད་གཏེར་གྱི་བུམ་པས་སྐྱེ་རྒུའི་རེ་བར་ཡོངས་སུ་བསྐོང་། །ཕྱྭ་དང་གཡང་གི་འདོད་དགུའི་ལོངས་སྤྱོད་འཛད་པ་མེད་པའི་གཏེར་དུ་བསྙིལ།  །ཚོགས་གཉིས་ཡོངས་རྫོགས་ཡེ་ཤེས་གཟུགས་སྐུ་མཚན་དང་དཔེ་བྱད་དཔལ་དུ་འབར།  །ནམ་མཁར་ལྷ་གཡང་བདུད་རྩིའི་སྤྲིན་བསྡུད་རྒྱ་བྱིན་ཚངས་དབང་བྲན་དུ་འགུག  །བར་སྣང་མི་གཡང་དགེ་མཚན་འབུམ་རྒྱས་སྐྱེ་དགུའི་སྤྱི་བོའི་གཙུགས་ཏུ་བསྐུར།  །ས་གཞིར་ཀླུ་གཡང་དམུ་ཞགས་མཚོ་སྐྱིལ་གཙུག་ན་རིན་ཆེན་དབང་དུ་བསྒྱུར།  །རྨ་ཡུལ་གཡང་གི་འདོད་དགུའི་ཆར་འབེབས་ཚོ་དྲུག་གླིང་དཀར་བདེ་ལ་འགོད། །༡༡་གདོད་ནས་འགྱུར་མེད་ནང་དབྱིངས་སྟོང་ཆེན་ཀ་དག་དགོངས་པའི་ཀློང་ཡངས་ནས།  །རིག་རྩལ་འགག་མེད་གསང་བའི་ཐུགས་རྗེ་རྟག་ཁྱབ་འགྲོ་ལ་དགྱེས་བརྩེའི་དཔལ།  །སྐུ་དང་ཡེ་ཤེས་འདུ་འབྲལ་དབྱེར་མེད་སེང་ཆེན་ནོར་བུ་དགྲ་འདུལ་ཞེས།།དགྲ་ལྷའི་ཟོར་དོར་ཝེར་མའི་དཔུང་གི་དྲག་རྩལ་སྒྱུ་འཕྲུལ་རོལ་པའི་གར། །ཞལ་འཛུམ་ཞི་བའི་ཉམས་ཀྱི་ཟླ་བཞིན་དཀར་གསལ་ཆ་ཤས་ཡོངས་སུ་རྫོགས།  །རྨོག་དཀར་དུང་གི་ཟླ་བའི་རང་མདངས་ཁ་དོག་ལྔ་ཡི་འཕྲུལ་གྱིས་བརྫངས་།  །སྨུག་ནག་རྫ་རིའི་བརྗིད་པའི་དཔལ་འཕྲོག་དཔའ་བོའི་འཁོར་གསུམ་སྐུ་ལ་རྫོགས།  །མྱུར་འགྱོགས་ཁྱུང་གིས་གཤོག་རྩལ་འཕྲོག་པའི་འདོ་རྗེའི་གོང་དུ་ཆིབས་སུ་བསྒྱུར།  །ཕྱག་གཡས་དགྲ་སྲོག་རྩད་ནས་གཅོད་པའི་རལ་གྲི་བཏབ་པ་ལན་མེད་བསྣམས།  །གཡས་པས་མདའ་གཞུ་སྟོང་ཁ་སྤྲད་ནས་དམ་ཉམས་བདུད་ཀྱི་དཔྲལ་བར་གཏོར།  །མཆན་ཁུང་གཡོན་ནས་ལྷ་ཡི་མདུང་རིང་བ་དན་དཀར་པོ་རླུང་གིས་བསྐྱོད།  །དཔའ་བོའི་འཁོར་གསུམ་སྐུ་ལ་ཡོངས་རྫོགས་དགྲ་ལྷ་ཝེར་མའི་གེ་སར་རྒྱལ།  །༡༢བསྐལ་བཟང་སངས་རྒྱས་སྟོང་གིས་བསྔགས་པའི་་མཚོ་སྐྱེས་པདྨ་ཀ་ར་ཡིས།  །ཐུགས་ཀྱི་ཐུ་བོ་རིགས་གསུམ་མགོན་པོའི་གསང་བའི་སྒྱུ་འཕྲུལ་རོལ་པའི་གར།  །དགྲ་ལྷའི་མཐུ་སྟོབས་དཔའ་བོའི་གཟུགས་གྱུར་སེང་ཆེན་ནོར་བུ་དགྲ་འདུལ་ཞེས།  །མཚན་གྱི་ཅོད་པཎ་སྲིད་པ་གསུམ་ན་ཡོངས་སུ་གྲགས་པའི་རྔ་གསང་ལྡིར།  །འགྲོ་ལ་ཕན་བདེའི་ཐུགས་བརྩེའི་རབ་དགོངས་བྱམས་པའི་སེམས་ཀྱི་སྐུ་མདོག་དཀར།  །སྙིང་རྗེའི་སྤྱན་རས་དུས་ལས་མི་ཡོལ་མ་གྱུར་འགྲོ་ལ་རྟག་ཏུ་གཟིགས།  །རིང་ནས་གོམས་པའི་སེམས་དཔའ་ཆེན་པོའི་བྱང་ཆུབ་མཆོག་གི་གོ་འཕང་བརྙེས།  །ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས་དང་གཉིས་མེད་མཉམ་པར་ཆེན་པོར་བཞུགས།  །མ་བཅོས་སྤྲོས་བྲལ་ཁྱབ་གདལ་ཆེན་པོར་ཆོས་དབྱིངས་ཞི་བའི་ངང་ཉིད་ལས།  །ཐུགས་རྗེའི་རང་རྩལ་འགག་མེད་ཕྲིན་ལས་མཁྱེན་གཉིས་ཡེ་ཤེས་རོལ་པའི་གར།  །གཉིས་འཛིན་སྲིད་པའི་དྲྭ་བ་གཅོད་མཛད་ཤེས་རབ་རལ་གྲིའི་གཟུགས་སྣང་བའི།  །གཟུངས་སྤོབས་ཏིང་འཛིན་གཏེར་གྱི་སྟོབས་མངའ་འཇམ་དཔལ་དཔའ་བོའི་གཟུགས་སྐུ་བཞེངས།  །རྒྱལ་ཀུན་ཐུགས་ཀྱི་གསང་བའི་སྙིང་པོ་གསང་བདག་རབ་ཁྲོས་འཇིགས་པའི་གཟུགས།  །བསྟན་དགྲ་བྱད་མའི་སྲོག་གི་གཤེད་མར་ཡེ་ཤེས་མེ་ཕུང་འབར་བའི་ཀློང་།  །སྐུ་མདོག་མཐིང་ནག་ཞལ་བགྲད་མཆེ་གཙིགས་རྡོ་རྗེ་གདེང་པའི་སྡིག་མཛུབ་ཕྱར།  །ཧྰུཾ་ཕཊ་སྒྲ་ཡི་གད་རྒྱང་ཆེར་སྒྲོགས་དམ་སྲི་འབྱུང་པོའི་སྲོག་སྙིང་འབྱིན།  །༡༣མ་འོངས་རིགས་ལྡན་དྲག་པོའི་ལྕགས་འཁོར་ལས་དམག་ཁ་ལོར་བསྒྱུར་མཛད་ནས།  །བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་ཐར་ལམ་འགོད།  །ཡི་དམ་ལྷ་དང་གཉིས་སུ་དབྱེར་མེད་ཐུགས་རྗེ་རྟག་ཁྱབ་འགྲོ་བའི་མགོན།  །སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ཚེ་རབས་ཕྲེང་བར་གཙུག་ཏུ་བཀུར། །ཞེས་པ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་ཧོར་ཟླ་དྲུག་པའི་དཀར་ཕྱོགས་དགའ་བ་དང་པོ་ནས་ བྲིས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1