༄༅།།ཨ་ཁུ་སྟོན་པའི་གཏམ་རྒྱུད་སྒྱུ་རྩལ་གྱི་རིན་ཐང་ཅུང་ཟད་གླེང་བ།

སྒྲོལ་མ་གཡང་འཛོམས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 04-12



རྩོམ་རིག་གི་བརྩམས་ཆོས་གང་འདྲ་ཞིག་ཡིན་རུང་།ཚང་མར་ཐུན་མིན་གྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད། ལྷག་པར་དམངས་ཁྲོད་གཏམ་རྒྱུད་ནི་བརྩམས་ཆོས་གཞན་དང་མི་འདྲ་བར་ལོ་རྒྱུས་ཀྱི་བདེན་དོན་ལ་དམངས་ཁྲོད་དུ་རྟོག་བཟོ་དང་འུད་བརྗོད་བྱས་ནས་གྲུབ་པའི་བརྩམས་ཆོས་ཤིག་ཡིན་ཕྱིར། ལོ་རྒྱུས་ཀྱི་བདེན་དོན་རེ་ཡོད་ལ། རྩོམ་པ་པོ་སྒེར་གྱི་ལྟ་བ་ཁོ་ནས་གྲུབ་ཐབས་མེད་པར་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པ། ལྷག་པར་དུས་སྐབས་སོ་སོའི་མང་ཚོགས་ཀྱི་མངར་སྐྱུར་འདྲེས་མའི་སྐྱིད་སྡུག་མངོན་ལ། དེའི་བསམ་པའི་ནང་དོན་ནས་སྐབས་དེའི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་རེ་འབོད་མཚོན་ཐུབ། སྒྱུ་རྩལ་གྱི་ཐད་ནས་བརྩམ་བྱ་གང་དེའི་འབྱུང་ཁུངས་ཀྱིས་མི་རིགས་དེའི་ཆེས་དམིགས་བསལ་གྱི་བརྡ་སྤྲོད་ཀྱི་སྦྱོར་བ་དང་མི་རིགས་དེའི་བསམ་བློའི་འཁྱེར་སོ་སོགས་མཚོན་ཐུབ་པའི་ཐུན་མིན་གྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད། ཨ་ཁུ་སྟོན་པའི་གཏམ་རྒྱུད་ནི་བོད་རིགས་ཀྱི་དམངས་ཁྲོད་དུ་བྱུང་ཞིང་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བའི་ཕུལ་བྱུང་གི་བརྩམ་བྱ་ཞིག་ཡིན་པས། གང་དེར་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་མང་པོ་ལྡན་པ་ལས་གཤམ་དུ་ཨ་ཁུ་སྟོན་པའི་གཏམ་རྒྱུད་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་འགའ་ཞུ་རྒྱུ་ལགས།


དང་པོ།དཔེ་ཆོས་སུ་གྲུབ་ཆོག་ཆོག་ཡིན་པ།


དཔེ་ཆོས་ནི། དཔེ་མིང་མཐོང་ཐོས་ཀྱིས་དེའི་རྒྱབ་ཆོས་དྲན།རྒྱབ་ཆོས་དྲན་པས་སྐབས་བབ་ཀྱི་དོན་ལྷང་ངེར་རྟོགས་ཐུབ་པ་ཞིག་ཡིན།  དེ་ཡང་དཔེ་ཆོས་ཀྱི་རྨང་གཞི་ནི་གཏམ་དཔེ་ཡིན་ཞིང་།དེ་ལ་རྒན་བསྟན་འཛིན་དོན་གྲུབ་ལགས་ཀྱིས“དཔེ་ཆོས་དང་གཏམ་དཔེ་གཉིས་ཀ་ནི་ཤེས་བྱ་གཞན་དང་འདྲ་བར་མིའི་འཚོ་བ་དངོས་ལས་བྱུང་བའི་ཚིག་ཉུང་ཡང་གོ་རྒྱུ་མང་བའི་སྡོམ་ཚིག་ཅིག་ཡིན་པ་འདྲ་ཞིང་།སྐབས་རེ་དེ་གཉིས་དབར་འདི་ཡིན་དེ་མིན་གྱི་དབྱེ་བའང་ཕྱེ་དཀའ་མོད།ཞིབ་པར་བསམ་ན་གཏམ་དཔེ་ནི་དཔེ་ཆོས་ལས་བྱུང་སྔ་ཞིང་དཔེ་ཆོས་འབྱུང་བའི་ས་བོན་ལྟ་བུ་ཞིག་ཡིན་པར་སེམས་སོ” ཞེས་གསུངས་ཡོད།གལ་ཏེ་ཆོད་སྡོམ་འདི་ཡང་དག་པ་ཞིག་ཡིན་ཚེ། འདིར་གླེང་བྱའི་ཨ་ཁུ་སྟོན་པའི་གཏམ་རྒྱུད་ལ་བལྟས་ན།གཏམ་རྒྱུད་ཀྱི་སྡོམ་ཚིག་ཁ་ཤས་དཔེ་ཆོས་གྱུར་ཟིན་པ་དང་།ད་དུང་སྡོམ་ཚིག་མང་པོ་ཞིག་དཔེ་ཆོས་སུ་གྱུར་ཆོག་ཆོག་ཡིན་པར་སྣང་སྟེ། དཔེར་ན།མ་རྐུ་བསམ་པས་རྐུན་མ་བརྐུས། སྤྱན་རས་གཟིགས་ཀྱིས་རྩམ་པ་འགམ།ལྟ་བུ་ནི་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བའི་གཏམ་དཔེ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད།འོན་ཀྱང་། གཏམ་དཔེ་འདིའི་རྒྱབ་ངོས་སུ་ད་དུང་ཧ་ཅང་ཉན་སྤྲོ་བའི་སྒྲུང་ཞིག་ཡོད་དེ།ཨ་ཁུ་སྟོན་པས་རང་གི་ཟ་འབྲུའི་གནད་དོན་ཐག་གཅོད་བྱེད་ཆེད།དཔོན་ངན་ལ་མགོ་སྐོར་བཏང་ནས་ཟ་འབྲུ་བླངས་པའི་སྒྲུང་ཞིག་ཡོད། ཡང་དཔེར་ན། “འཕན་པོ་རིག་པའི་འབྱུང་གནས་ལ་ཨ་ཁུ་སྟོན་པའི་དགོས་པ་མི་འདུག” ཅེས་པ་ལ་ཆ་མཚོན་ན།འདི་ནི་ཡིག་འབྲུ་གྲངས་བཅོ་ལྔ་ལས་གྲུབ་པའི་སྡོམ་ཚིག་ཐུང་ཐུང་ཞིག་ཡིན་ཀྱང་།ཤིན་ཏུ་ཐུང་བའི་སྡོམ་ཚིག་དེའི་ངོས་གཞན་ཞིག་ན་འཕན་པོའི་ཕྲུ་གུ་དང་ཨ་ཁུ་སྟོན་པ་གཉིས་བློ་གྲོས་བསྡུར་ནས་མཐར་ཨ་ཁུ་སྟོན་པ་ཕམ་ནས་བཤད་པའི་སྐད་ཆ་ཞིག་ཡིན་ཞིང་།སྡོམ་ཚིག་དེ་ནི་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་ལ་དེ་བས་སྡོམ་ཚིག་དེའི་ནང་དོན་མི་ཚང་མས་ཤེས་ཀྱི་ཡོད།ཤིན་ཏུ་ཐུང་བའི་སྐད་ཆ་དེས་གཏམ་རྒྱུད་ཧྲིལ་པོ་ཞིག་མཚོན་ཐུབ་པ་དང་། དེ་བཞིན།དངོས་གྲུབ་མ་བྱུང་ནའང་མཛོག་མགོ་གློད་རོགས།ཞེས་པའི་སྡོམ་ཚིག་དེའི་རྒྱབ་ཏུ་ཨ་ཁུ་སྟོན་པས་གྲུ་གུ་རྡོག་རྡོག་ལ་མགོ་སྐོར་བཏང་སྟེ།འབྲུ་རིགས་འཕྲོག་པའི་སྣང་ཚུལ་བཀོད་ཡོད་པ་དང་། ཞག་བདུན་སངས་རྒྱས།ཞེས་པའི་གཏམ་རྒྱུད་ནང་ཨ་ཁུ་སྟོན་པས་དམངས་ཀྱི་ཟས་ཟ་བཞིན་དུ་མི་དམངས་ཀྱི་ཚེ་སྲོག་འཕྲོག་མཁན་གྱི་ཆོས་པ་རྫུན་མ་མེད་པར་བཟོས་པའི་གཏམ་རྒྱུད་སྙན་པོ་ཞིག་ཡོད་པ་དང་།རྐུན་མ་ང་གཅིག་པུ་མིན། དང་། སླ་ངར་ཕྲུ་གུ་སྐྱེས་པ།  གྲོའི་སྐྱིན་པ་བྲོས་འཇལ་བ།ལས་ཀ་གསུམ་མི་ཤེས་པའི་གླ་པ།ལྟ་བུ་སོགས་མདོར་ན་ད་ཆའི་ཆོད་སྡོམ་ལ་གཞིགས་ན་དཔེ་ཆོས་སུ་གྱུར་ཟིན་ཞིང་།དེ་དག་བོད་མིའི་འཚོ་བ་དང་ཁོར་ཡུག་གི་ནང་དུ་བྱུང་བ་ཞིག་ཡིན་པས།བོད་མི་རྣམས་ཀྱི་བློ་ངོར་རྒྱུས་མེད་དང་བཅོས་མའི་ངང་ཚུལ་མེད་ཅིང་།ག་དུས་མཐོང་ཐོས་བྱུང་ན་དེ་དུས་གད་མོ་ཤོར་བ་མ་ཟད།གད་མོ་བགད་རྗེས་བསམ་གཞིགས་ཀྱི་ཀློང་དུ་ཚུད་དེ་དཀའ་གནད་མང་པོ་འགྲོལ་ཐུབ།


གཞན་ཡང་ཨ་ཁུ་སྟོན་པའི་གཏམ་རྒྱུད་ཁྲོད་ཀྱི་གཏམ།སྐར་མ་སྐྱིད་ཀྱི་རོ་ལ་བྱ་རྒོད་དཔུང་ཐང་ཤིག་ཤིགཨ་ཁུ་ང་ཡི་ཕྱོགས་སུ་ཇ་ཆང་གི་དཔུང་ཐང་ཤིག་ཤིག ལྟ་བུ་དང་། ཡང་རྒྱལ་པོའི་སོག་བྱིལ་རྐུ་བ།རྒྱལ་པོར་བརྐུ་མ་སློབ་པ་ལྟ་བུ་དང་། བྱ་རྒོད་དར་མའི་རྒོད་སྐྱག་ལ།མི་རྒོད་དར་མའི་རྔུལ་སྐྱག་དགོས།ལྟ་བུ་སོགས་གོང་འཁོད་ཀྱི་ཚིག་ཐུང་ཐུང་དག་ལ་དཔེ་ཆོས་བཞིན་རྒྱབ་ངོས་སུ་གཏམ་རྒྱུད་སོགས་ཤོད་རྒྱུ་ཡོད་ནའང་དཔེ་ཆོས་དངོས་བཞིན་ཚིག་ཉུང་བའི་ཁྱད་ཆོས་མི་ལྡན།འོན་ཀྱང་ཨ་ཁུ་སྟོན་པའི་གཏམ་རྒྱུད་ཀྱི་ཁྲོད་དུ་ཐོན་པའི་གཏམ་དཔེ་དང་གཏམ་ཐུང་ཐུང་དེ་ཚོ་ལས་ལམ་སེང་ཨ་ཁུ་སྟོན་པའི་གཏམ་རྒྱུད་ཧྲིལ་པོ་ཀླད་ངོས་སུ་ཁྲ་ལམ་མེར་འཆར་བ་སོགས་ལ་ཞིབ་པར་བསམ་ན།ཨ་ཁུ་སྟོན་པའི་གཏམ་རྒྱུད་ལས་སྡོམ་ཚིག་མང་པོ་ཞིག་ནི་དཔེ་ཆོས་སུ་གྲུབ་ཆོག་ཆོག་ཡིན་པ་ཁོ་མོས་འདོད།


གཉིས་པ། གཏན་ཚིགས་ཀྱི་རང་བཞིན་གྱིས་ཕྱུག་པ།


 ཨ་ཁུ་སྟོན་པའི་གཏམ་རྒྱུད་ཀྱི་སྒྲིག་གཞི་བཀོད་འབྲི་བྱེད་སྐབས་དམངས་ཁྲོད་རྩོམ་རིག་གཞན་དང་མི་འདྲ་བའི་ཆེས་དམིགས་བསལ་དང་ཆེས་གཏན་ཚིགས་ལྡན་པའི་སྒྲིག་གཞི་བཀོད་སྒྲིག་ཞུས་འདུག་སྟེ།ཨ་ཁུ་སྟོན་པའི་ཁ་གཏད་ཀྱི་ཡུལ་དཔོན་དང་སྡེ་དཔོན། འབྲོག་བདག་དང་ཞིང་བདགཆོས་དཔོན་སོགས་གང་ཡིན་ཡང་ཚང་མ་གདུག་རྩུབ་ལྡན་པ་ཤ་སྟག་དང་།ཚང་མ་གླེན་ལྐུགས་ཅན་ཡིན་དགོས་པ་བཀོད་འབྲི་བྱས་རྗེས་གཏམ་རྒྱུད་ཀྱི་མཐའ་འབྲས་ཚང་མ་ངེས་པར་དུ་དཔོན་ངན་རྣམས་ཕམ་ནས་ཨ་ཁུ་སྟོན་པ་རྒྱལ་བར་བྱས་ནས་མཇུག་བསྒྲིལ་དགོས་པ་དཔེར་ན།《ཟ་རྔམས་ཅན་གྱི་སྡེ་དཔོན》ཞེས་པའི་གཏམ་རྒྱུད་དང་། 《ཨ་ཁུ་སྟོན་པས་ཨ་མའི་རོ་སྟོང་དཀྲི་བ》སོགས་གཏམ་རྒྱུད་ནང་གི་ལྡོག་ཕྱོགས་མི་སྣ་ཚང་མ་ངེས་པར་དུ་ཕམ་དགོས་པ་ཆེད་དུ་བཀོད་སྒྲིག་བྱས་པར་མངོན་པ་ལས་གཏན་ཚིགས་ཀྱིས་ཕྱུག་པར་འདོད་པའི་རྒྱུ་རྐྱེན་དུ་མཐོང་། 


གཞན་ཡང་དཔེར་ན། 《རོ་དུར་ཁྲོད་ནས་ལོག་པ》ལྟ་བུའི་གཏམ་རྒྱུད་དེར་བལྟས་ན། གཏན་ཚིགས་དང་གོ་རིམ་ཡོད་པའི་ངང་ནས་མི་སྲིད་པ་མང་པོ་ཞིག་དུས་གཅིག་ཏུ་སྲིད་ཡོད་དེ།གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་བུད་མེད་དེའི་ཁྱོ་ག་ངོ་མ་དེ་དང་ཁྱོ་ཡན་གཞན་གཉིས་པོ་མ་བསམ་ས་ནས་མགོ་དམར་ཡིན་པ་དང་གཅིགདུར་ཁྲོད་དུ་རོ་དང་པོ་བསྐྱལ་རྗེས་སྟོབས་ལྡན་བུད་མེད་དེའི་ཁྱིམ་དུ་སླེབས་སྐབས་སླར་ཡང་མགོ་དམར་བ་ཡིན་པའི་རོ་ཞིག་ཡོད་པ་རྟོགས་ལྡན་དེས་ཁྱོ་ཡན་གྱི་ཕུང་པོ་དང་ཁྱོ་ག་ངོ་མའི་ཕུང་པོ་གཉིས་ཀྱི་མི་འདྲ་བའི་ཆ་མ་ཤེས་པར་སླར་དུར་ཁྲོད་དུ་བསྐྱལ་བ་དང་གཉིས།རྟོགས་ལྡན་གྱིས་རོ་མཐའ་མ་དེ་བསྐྱུར་སྐབས་དུས་གཅིག་ཏུ་རྫི་བོ་དམར་ཧྲེང་བ་ཞིག་བྲོས་འགྲོ་བ་མཐོང་བ་དང་གསུམ།རོ་གསུམ་པ་དེ་བསྐྱུར་རྗེས་ཏག་ཏག་རྟོགས་ལྡན་དེ་བུད་མེད་དེའི་ཁྱིམ་དུ་འགྲོ་མ་ཕོད་པར་ཡུལ་བྱོལ་དུ་འགྲོ་དགོས་བྱུང་བ་བཅས་མཐར་གཏུགས་ན་བུད་མེད་དེར་གསོན་ལམ་ངེས་པར་དུ་སྤྲོད་དགོས་པའི་ངང་ནས་གཏམ་རྒྱུད་མཇུག་བསྒྲིལ་དགོས་པ་དང་དེ་ལས་ང་ཚོས་ཨ་ཁུ་སྟོན་པའི་གཏམ་རྒྱུད་ནི་ཚགས་དམ་པའི་གཏན་ཚིགས་ཀྱིས་ཕྱུག་པའི་ཕུལ་བྱུང་གི་བརྩམ་བྱ་ཞིག་ཡིན་པ་ཤེས་རྟོགས་ཐུབ་སྙམ།


ཡང་ཨ་ཁུ་སྟོན་པའི་གཏམ་རྒྱུད་ལས། དཔེར་ན། 《བདེ་ཆེན་གསང་སྔགས་མཁར་གྱི་དགོན་པའི་ཚོགས་ཁྲོ》ཞེས་པའི་གཏམ་རྒྱུད་ལ་མཚོན་ན།གཏམ་རྒྱུད་འདིར་དགོན་པས་སངས་རྒྱས་ཀྱི་སྐུ་བཞུ་ནས་ཚོགས་ཁྲོ་བཟོས་པ་ཁུངས་སྣེར་བེད་སྤྱད་པ་དང་།དེའི་ནང་དུ་ཇ་ཐུག་འཐུང་མཁན་གྱི་མི་སྣ་ཚང་མ་ངན་སོང་དུ་ལྷུང་རྒྱུ་ཡིན་ཞེས་གཏམ་རྒྱུད་འདིར་ནང་བསྟན་གྱི་ལྟ་བ་མ་སྤྱད་ཚེ་གཏམ་རྒྱུད་འདི་གྲུབ་ཐབས་མེད་པ།མཐའ་མར་ཨ་ཁུ་སྟོན་པར་ངེས་པར་དུ་ཁྱི་གློད་ཚེ་གཞི་ནས་ཨ་ཁུ་སྟོན་པས་ཚོགས་ཁྲོ་མེད་པར་བཟོ་ཐུབ་པ་དང་།ཏག་ཏག་གྲྭ་པ་རྣམས་ཀྱིས་ཁྱི་གློད་པས་ཨ་ཁུ་སྟོན་པས་སྙུང་བུ་བཙུགས་ནས་ཚོགས་ཁྲོ་མེད་པར་བཟོས་པ་སོགས་མདོར་ན་སྟབས་ཤིན་ཏུ་འཁེལ་བའི་རྐྱེན་མང་པོ་ཞིག་མ་བྱུང་ཚེ།ཨ་ཁུ་སྟོན་པའི་གཏམ་རྒྱུད་གྲུབ་ཐབས་མེད་པ་ལས་གཏན་ཚིགས་ཀྱིས་ཕྱུག་པའི་གཏམ་རྒྱུད་ཅིག་ཡིན་པ་ངམ་ངམ་ཤུགས་ཤུགས་ཀྱིས་རྟོགས་ཐུབ།


གསུམ་པ། རྩམ་དྲི་དང་འོ་དྲིའི་བྲོ་བས་ཕྱུག་པ།


བོད་རིགས་ལ་ཕུལ་དུ་བྱུང་བའི་རྩོམ་རིག་གི་བརྩམ་བྱ་ནི་ནམ་མཁའི་སྐར་ཚོགས་ཇི་བཞིན་ཧ་ཅང་མང་།འོན་ཀྱང་ཏག་ཏག་བརྩམ་བྱ་དེ་དག་ཕལ་ཆེ་བའི་བརྗོད་བྱའི་ནང་དོན་ཐད་ནང་ཆོས་ཀྱི་ལྷད་ཤུགས་ཆེར་ཞུགས་པ་དང་བརྩམ་བྱ་མང་ཆེ་བ་ནི་ཡོད་ཚད་ཚེ་ཕྱི་མར་བཅོལ་བའི་ནང་བསྟན་གྱི་ལྟ་བ་རེ་འབོད་བྱས་པ་འབའ་ཞིག་ཡིན་པས་ཤེས་བྱའི་རྨང་གཞི་ཧ་ཅང་ཞན་པའི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དང་ལེན་བྱེད་མི་ཐུབ།རྗོད་བྱེད་ཚིག་སྦྱོར་ཐད་གོ་དཀའི་སྙན་ངག་དང་བརྡ་རྙིང་སོགས་ཀྱིས་བཅིངས་ཡོད་ཕྱིར་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དགའ་བསུ་ཐོབ་པ་དང་མང་ཚོགས་ཀྱིས་ལྟ་ཀློག་ཐུབ་པའི་བརྩམ་བྱ་ཤིན་ཏུ་ཉུང་།


འོན་ཀྱང་ནང་བསྟན་གྱི་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་ལྟ་བ་དྲིལ་བསྒྲགས་ཤུགས་ཆེར་བྱེད་པའི་བོད་སིལ་བུའི་དུས་སུ་བྱུང་བའི་དམངས་ཁྲོད་རྩོམ་རིག་ཨ་ཁུ་སྟོན་པའི་གཏམ་རྒྱུད་ལ་ཕྱིར་བལྟས་ཞིག་བྱས་ཚེ།  ཏག་ཏག་གཏམ་རྒྱུད་འདིར་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དགའ་བསུ་ཐོབ་ལ་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ནས་ཆེན་པོ་བྱུང་ཡོད།དེ་ལྟར་དགའ་བསུ་ཐོབ་དོན་ནི་གོང་ཞུས་བཞིན་བརྗོད་བྱའི་ནང་དོན་ཐད་ཨ་ཁུ་སྟོན་པའི་གཏམ་རྒྱུད་ཀྱིས་ངལ་རྩོལ་མི་དམངས་ཀྱི་ཆེས་དམའ་མཐའི་འཚོ་བ་སྐྱེལ་ལུགས་དང་ཚེ་སྲོག་གི་རིན་ཐང་སོགས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་སེམས་ཁོང་གི་རེ་བ་མཚོན་པ་དང་རྗོད་བྱེད་ཚིག་སྦྱོར་གྱི་ཐད་ནས་དགའ་བསུ་ཐོབ་དོན་ནི།ཨ་ཁུ་སྟོན་པའི་གཏམ་རྒྱུད་ཧྲིལ་པོའི་ཚིག་སྦྱོར་ཐད་བརྩམ་བྱ་གཞན་ཇི་བཞིན་གྱིས་གོ་དཀའི་ཐ་སྙད་དང་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་ལྡོག་དེ་བོད་རིགས་ཀྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་རྟག་ཏུ་སྤྱོད་ཅིང་སྤྱོད་ཡུལ་ཁྱབ་ཆེ་ལ།ཀུན་གྱིས་གོ་ཐུབ་པའི་སྐད་ཆའི་སྦྱོར་བ་ཁོ་ན་ཉིད་བེད་སྤྱད་དེ་གཏམ་རྒྱུད་མཇུག་བསྒྲིལ་བར་བྱས་པས་ཡིན་ཏེ།གཤམ་ནས་ཨ་ཁུ་སྟོན་པའི་གཏམ་རྒྱུད་ལས་དཔེ་མཚོན་ལྡན་པའི་སྐད་ཆའི་སྦྱོར་བ་འགའ་ཤས་དྲངས་ནས་དབྱེ་ཞིབ་ཞུ་ཁུལ་བྱ་རྒྱུ་ཡིན་ཏེ།


ཨ་ཁུ་སྟོན་པའི་གཏམ་རྒྱུད་ལས། 《ཨ་ཁུ་སྟོན་པ་འཕན་ཡུལ་དུ་བསྐྱོད་པ》ཞེས་པའི་གཏམ་རྒྱུད་ལས་སྐད་ཆ་དུམ་བུ་གཅིག་དྲངས་ན།“ཕྲུ་གུ་རྣམས་ཆུའི་ནང་དུ་མགོ་བོ་ཙོག་གེར་འཛུལ་ནས་བསྡད།ཕྲུ་གུ་ཚོར་སེ་རའི་གནོད་འཚེ་མ་བྱུང་ཁར། དུག་སློག་ཀྱང་བངས་མེད། ཨ་ཁུ་སྟོན་པ་རང་ཉིད་ཀྱི་དུག་སློག་ཚང་མ་རྦད་དེ་ཙོབ་སྐྱལ་ཆགས་ཏེ་ཆུ་རལ་ཕྲུལ་ཕྲུལ་ངང་ལུས་བསྡད” ལྟ་བུའི་ཚིག་གི་སྦྱོར་བར་བལྟས་ན་ཚིག་སྦྱོར་འདི་ནི་དམངས་ཁྲོད་ཀྱི་མི་སྣ་ཕན་ཚུན་གཏམ་གླེང་བྱེད་སྐབས་ཀྱི་ཡུལ་སྐད་ཁོ་ན་བེད་སྤྱད་པ་ལས་བརྡ་རྙིང་དང་སྙན་ངག་སོགས་གོ་དཀའི་ཐ་སྙད་གཅིག་ཀྱང་བེད་སྤྱད་མེད་པས་ཀུན་གྱིས་བལྟས་པ་ཙམ་གྱིས་དེའི་ནང་ཅི་བཤད་པ་ལམ་སེང་ཤེས་རྟོགས་ཐུབ་ལ་ངེས་བདེ་བ་མ་ཟད་བོད་རིགས་རང་གིས་རྒྱུན་གཏན་ནས་བེད་སྤྱོད་པའི་ཐ་སྙད་འབའ་ཞིག་སྟེ།མགོ་བོ་ཙོག་གེར་དང་།  སེ་ར། དུག་སློག  རྦད་དེ།ཙོབ་སྐྱལ་སོགས་ཚང་མ་གཅིག་ནས་བོད་མི་རིགས་ཀྱི་དམངས་ཁྲོད་དུ་ནམ་རྒྱུན་ནས་བེད་སྤྱོད་པའི་ཐ་སྙད་ཁོ་ན་ཡིན་པ་དང་།གཉིས་ནས་ཐ་སྙད་དེ་ཚོ་ལས་དཔེར་ན། རྦད་དེ་དང་།ཙོབ་སྐྱལ་ནི་ཚད་གཞི་མཚོན་པའི་ཐ་སྙད་ཡིན།ཙོབ་སྐྱལ་གྱི་ཚབ་དུ་གྱོན་གོས་ཚང་མ་བངས་ནས་རློན་པར་གྱུར་ཞེས་མ་བཀོད་པར་ཙོབ་སྐྱལ་ཞེས་བཀོད་པ་དེས་གཅིག་ནས་ཡིག་འབྲུ་མང་པོ་བསྡུ་ཐུབ་པ་དང་།གཉིས་ནས་བོད་རིགས་ཤིག་གིས་བལྟས་ཚེ།ཙོབ་སྐྱལ་ཞེས་པའི་ཐ་སྙད་ལས་ཆར་ཆུ་སོགས་ཀྱི་བངས་ནས་རློན་པར་གྱུར་བའི་ཚད་གཞི་ཇི་ཡིན་ལམ་སེང་བློ་ནང་དུ་ཁྲ་ཆེམ་མེར་འཁོར་བའི་དམིགས་བསལ་གྱི་རྩམ་དྲི་དང་འོ་དྲིའི་བྲོ་བས་ཕྱུག་འདུག  གཞན་ཡང་།ཨ་ཁུ་སྟོན་པའི་གཏམ་རྒྱུད་ཀྱི་ནང་རྒྱུན་དུ་ཐོན་པའི་ཐ་སྙད་དང་གཏམ་ཐུང་ངུ་སྟེ།ཨ་ཁུ་གཡག་གི་བདག་པོས་འཇུས་ནས།  ཉེས་བཏག  བེ་སྣབས་ཀྱིས་ཁ་ལ་སྒོ་ལྕགས་བརྒྱབ་པ། དེད་ཤར་ཚ་པོ། སེར་ཤ་འདྲ་བའི་མར་རྡོག་རྣམས་རྐྱང་དཀར་བོང་བུའི་མར་རྡོག  རྣམ་རྟོག་བསླངས།ལྷམ་གྱི་རྡོག་པ་རྣམས་ཕྲལ་ཚར་བ་བྱོས་ལབ་ཙང་། ཨ་བྲའི་ཕྲུ་གུ་གཉིད་ལས་བསད་པ་ལྟ་བུ་ཞིག་ཡོད།   ལྟ་བུའི་ཐ་སྙད་ལ་བལྟས་ན།གཅིག་ནས་ཀུན་གྱིས་སྤྱོད་པའི་ཡུལ་སྐད་ཡིན་པས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་གོ་བདེ་བ།གཉིས་ནས་དོན་དེ་ཚོར་དཔེ་འཇོག་སྐབས་བོད་མི་ཀུན་གྱིས་རྒྱུས་མངའ་ཡོད་པས་དོན་ཇི་བཞིན་མ་རྟོགས་ཀྱང་དཔེ་ལ་བལྟས་ན་ལམ་སེང་རྟོགས་པ་མ་ཟད་དཔེ་དེ་ཚོ་མི་རྣམས་ཀྱི་བློ་ངོར་འཆར་བདེ་བ་དང་གསོན་ཉམས་ལྡན་པ་སོགས་རྩམ་དྲི་དང་འོ་དྲིས་ཕྱུག་འདུག


མདོར་ན།ཨ་ཁུ་སྟོན་པའི་གཏམ་རྒྱུད་ནི་བོད་ཀྱི་ས་ཆ་གང་སར་ས་ཁྱབ་རྡོ་ཁྱབ་ཡིན་པ་གང་ཞིགགཏམ་རྒྱུད་ཀྱི་བརྗོད་བྱ་དང་རྗོད་བྱེད་གང་སྤྱིར་དེའི་དམིགས་བསལ་གྱི་ཁྱད་ཆོས་དང་རིན་ཐང་ཧ་ཅང་མང་བར་བསམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1