མཛོད་དགེ་རྫོང་གིས་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-14



མཛོད་དགེ་རྫོང་གིས་རྩྭ་ཐང་ང་ཡི་ཕ་ས་ཡིན་ལ་སྲུང་སྐྱོང་ཀུན་ལ་རག་ལས་ཞེས་པ་དང་རྒྱལ་ཁོངས་སྔོ་ལྗང་ཅན་དུ་བསྒྱུར་བའི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ།

        ཟླ་བཞི་བར་མཛོད་དགེའི་རྩྭ་ཐང་ཅུང་གྲང་མོད། བརླན་སར་ལྗང་མྱུག་གི་མགོ་བོ་དལ་གྱིས་བུད་པས། འདི་ནི་མཐོ་སྒང་གི་དཔྱིད་དཔལ་དངོས་སུ་ཤར་བའི་རྟགས་ཡིན། ཟླ་4ཚེས་12ཉིན་གྱི་སྔ་དྲོར། མཛོད་དགེ་རྫོང་གིས་2023ལོའི་རྩྭ་ཐང་ང་ཡི་ཕ་ས་ཡིན་ལ་སྲུང་སྐྱོང་ཀུན་ལ་རག་ལས་ཞེས་པ་དང་། རྒྱལ་ཁོངས་སྔོ་ལྗང་ཅན་དུ་བསྒྱུར་བའི་འོས་འགན་སྡོང་འཛུགས་དང་བྱེ་བཅོས་དང་བྱི་ལོང་ཚོད་འཛིན་བཅས་ཀྱི་བྱེད་སྒོ་སྤེལ།

        རྫོང་ཨུའི་ཧྲུའུ་ཅི་ལིའུ་ཧྥེ་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་སྟག ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྔ་བ་ཁུལ་ལྷ་མོ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་རྒྱལ་མཚན། རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲེན་ཝན་ལི། ཁྱིམ་སྡོད་རྫོང་རིམ་པའི་འགོ་ཁྲིད། རྫོང་རིམ་པའི་ལས་ཁུངས་དང་སྡེ་ཁག བྱམས་མེ་གྲོང་རྡལ་གྱི་སློབ་མ་དང་མང་ཚོགས། གྲྭ་བཙུན་བཅས་ཀྱི་འཐུས་མི་སོགས་ཐེངས་འདིའི་བྱེད་སྒོར་ཞུགས།

        བྱེད་སྒོར་ལིའུ་ཧྥེས་མཛོད་དགེ་རྫོང་ནི་རྨ་ཆུའི་སི་ཁྲོན་གྱི་བཞུར་ཁོངས་གཙོ་བོ་ཡིན་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་ཡུལ་དང་གསབ་གནས། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་བཅས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་བཅས་ཡིན་པས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《འདམ་རའི་སྤྱི་ཆིངས》ཀྱི་ཆིངས་འགོད་ཚོགས་ཆེན་སྐབས་བཅུ་བཞི་པའི་མགོ་ཚུགས་མཛད་སྒོའི་ཤིས་ཚིག་ཏུ།  ཀྲུང་གོས་སྔ་རྗེས་སུ་རྒྱལ་ཁབ་སྤྱི་གླིང་ཁག་གཅིག་བཙུགས་ནས་གཙང་གསུམ་ཆུ་མགོ་དང་མཚོ་སྔོན་པོ། མཛོད་དགེ་ཆུ་མཛོད། རྨ་ཆུའི་བཞུར་སྒོ། ལིའོ་ཧོ་ཆུ་བོའི་བཞུར་སྒོ། སུང་ནེ་ཧེ་ཞང་སོགས་འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བསྐྲུན་ནས། རྒྱལ་ཡོངས་ཀྱི་འདམ་ར་སྲུང་སྐྱོང་འཆར་འགོད་དང་འདམ་ར་སྲུང་སྐྱོང་འདུ་འགོད་གལ་ཆེན་ལག་ལེན་བྱེད་རྒྱུ་ཡིན་པར་བསྟན་པས། མཛོད་དགེ་རྫོང་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་བཟུང་ནས། རྨ་ཆུ་དང་འདམ་རའི་སེམས་ཅན་དང་སྐྱེ་དངོས་ཐམས་ཅད་སྲུང་སྐྱོང་གང་ལེགས་བྱེད་དགོས་པར་བསྟན།

        ལིའུ་ཧྥེས་བསྟན་དོན། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆ་དང་། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས། འབྱུང་ཁུངས་རྒྱུན་རིང་བའི་ལོ་རྒྱུས་ཀྱི་དཔལ་ཡོན། སྙན་ངག་དང་རི་མོ་ལྟ་བུའི་སྐྱེ་ཁམས་ཕ་སས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་མཛོད་དགེའི་མི་དམངས་གསོ་སྐྱོང་གནང་། མཛེས་སྡུག་ལྡན་པའི་རི་ཀླུང་དང་ཆུ་བོ། སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་ང་ཚོ་འཚོ་གནས་བྱེད་སའི་ཁྱིམ་གཞིས་ཡིན་པར་མ་ཟད། རྗེས་རབས་པས་རྒྱུན་མཐུད་ཀྱིས་བེད་སྤྱོད་བྱེད་ཐུབ་པའི་རྨང་གཞི་གལ་ཆེན་ཡང་ཡིན་པས། རྒྱང་རིང་གི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་དུས་གང་ཞིག་དང་བྱ་བ་གང་ཞིག་སྒྲུབ་སྐབས་ཡིན་རུང། ང་ཚོས་མིག་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ལ། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་གཅེས་སྤྲས་བྱེད་དགོས།

        ལིའུ་ཧྥེས་ནན་གྱིས་བསྟན་དོན། རི་ཆུ་ཀླུང་གསུམ་དང་ནགས་ཞིང་། རྩྭ་ཐང་དང་བྱེ་ཐང་བཅས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ས་གཙང་སྲུང་སྐྱོང་ལ་མུ་མཐུད་དུ་འཐབ་འབད་ཡག་པོ་བྱེད་དགོས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ས་མཐོའི་འདམ་རའི་གནམ་མཁའ་དེ་བས་སྔོན་ལ་རི་བོ་དེ་བས་ལྗང་པ། ཆུ་བོ་དེ་བས་དྭངས་པ་བཅས་སུ་བསྒྱུར་བ། འདམ་ར་ཇེ་ཆུང་དང་ས་ཆ་བྱེ་འགྱུར། རྩྭ་ཐང་ཞན་འགྱུར། རྩྭ་ཐང་གི་ཐེག་ཚད་ལས་བརྒལ་བ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་ཀྱི་རྩ་བ་ཇེ་བརྟན་དུ་གཏོང་བ་དང་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་པོ་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་བཏང་ནས། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་ལག་བསྟར་ཡག་པོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་སྒྲོག་ལས་དོན་སྣ་ཚོགས་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱ་ཆེར་ཁྱབ་གདལ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་གཞི་རིམ་དུ་དྲིལ་སྒྲོག་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་སྒོར་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྐྱེ་ཁམས་འདུ་ཤེས་དར་སྤེལ་བཏང་ནས། སྤྱི་ཚོགས་ཡོངས་སུ་ཐུན་མོང་ནས་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་གཏོད་དགོས།

        ལྗོན་ཤིང་དལ་གྱིས་སྐྱེས་ཤིང་དཔྱིད་དུས་རེ་བས་ཁེངས། རྩི་ཤིང་བཙུགས་ན་མ་འོངས་དོན་དུ་གཉེར་བ་ཡིན། སྡོང་བོ་འཛུགས་སྐབས་ལིའུ་ཧྥེས་ཚང་མ་དང་མཉམ་དུ་འབྲེལ་འདྲིས་ཡང་ཡང་བྱས་ནས། སྡོང་འཛུགས་རྒྱ་ཁྱོན་དང་ལྗོན་ཤིང་གསོན་ཚད་ཚོད་འཛིན། དུས་མཇུག་གི་དོ་དམ་སྲུང་སྐྱོང་སོགས་ལ་མངག་བཅོལ་གནང་བར་མ་ཟད། ངེས་པར་དུ་ཚད་གཞི་དང་བླང་བྱ་གཞིར་བཟུང་ནས་སྡོང་འཛུགས་ནགས་བཟོའི་ལས་དོན་སྤེལ་ཏེ། རྨ་ཆུའི་བཞུར་རྒྱུན་གཙོ་བོ་དང་ཡན་ལག་བཞུར་རྒྱུན་ཁུལ་གྱི་སྐྱེ་ཁམས་འགོག་སྲུང་ཁུལ་ཡག་པོ་བསྐྲུན་པ། དཔྱིད་ཀྱི་གོ་སྐབས་བཟང་བོ་དམ་འཛིན་སྒོས། སྡོང་ཕྲུག་ག་ཚོད་བཙུགས་པ་དེ་ཚོད་ཀྱིས་སྐྱེས་ཤིང་དེ་ལྟར་སྔོ་འགྱུར་ཡོང་བར་འགན་ལེན་བྱེད་དགོས་པར་མངག་བཅོལ་གནང་།

        དེ་དང་ཆབས་ཅིག་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཀྱང་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ། རྩྭ་འདེབས་དང་བྱི་ལོང་ཚོད་འཛིན། བྱེ་བཅོས། གད་སྙིགས་འཐུ་བ་སོགས་ལམ་ནས་སྲུང་སྐྱོང་དང་བཅོས་སྐྱོང་དུ་ཞུགས་ཤིང་། ཚང་མའི་ལས་བགོས་གསལ་ལ་གཞོགས་འདེགས་ལེགས་ཤིང་ངར་ཤུགས་ལྡན་པ། མི་གཉིས་རེ་ཚོ་ཆུང་གཅིག་གམ་ཡང་ན་མི་གསུམ་དང་ལྔ་བྱས་ནས། ས་དོང་འདྲུ་བ་དང་སྡོང་མྱུག་འཛུགས་པ། ཆུ་བླུག་པ། བྲིད་ཟས་གཏོར་བ། སྦ་ཐག་སླས་པ་སོགས་རིམ་པ་སོ་སོར་གོ་རིམ་ལྡན་ལ་སྤྲོ་སེམས་འཁོལ་ཞིང་འཆམ་མཐུན་ལྡན་ལ། ཏང་དར་དམར་པོ་རླུང་གིས་བསྐྱོད་ཅིང་ས་མཐོ་སྔོ་ལྗང་ལྡན་པའི་རྣམ་པ་མངོན།

        བྱམས་མེ་གྲོང་རྡལ་འབྲས་སྤུངས་དགོན་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐུབ་བསྟན་རྒྱ་མཚོས་བཤད་རྒྱུར། དགོན་སྡེའི་དགེ་འདུན་པ་ཞིག་གི་ངོས་ནས་དེ་རིང་ལས་ཁུངས་ཀྱི་ལས་བཟོ་བ་དང་སློབ་མ་སོགས་དང་མཉམ་དུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོར་ཞུགས་པས་དོན་སྙིང་ཆེན་པོ་ལྡན། འདིས་ང་ཚོའི་རྨ་ཆུ་སྲུང་སྐྱོང་བྱས་པར་མ་ཟད། ད་དུང་ང་ཚོ་འཚོ་ཡུལ་གྱི་ཁྱིམ་གཞིས་ཀྱང་སྲུང་སྐྱོང་ཡག་པོ་བྱས། ད་ལོར་སློབ་ཆུང་ལོ་རིམ་དྲུག་པ་འགྲིམ་བཞིན་པའི་དགེ་འདུན་འཕེལ་གྱིས་སའི་གོ་ལ་ནི་སྐྱེ་དངོས་ཚང་མའི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་ང་ཚོས་ཤེས་ཡོད། སྡོང་འཛུགས་ནགས་བཟོ་བྱ་རྒྱུ་ནི་སའི་གོ་ལ་སྔོ་ལྗང་གིས་ཁེངས་པར་བྱ་ཆེད་ཡིན། ང་ཚོ་ནི་རྨ་ཆུའི་འགྲམ་དུ་སྐྱེས་པ་ཞིག་ཡིན་པས། ང་ཚོས་རྩྭ་ཐང་དང་མཛེས་སྡུག་ལྡན་པའི་ཆུ་བོ་དེར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ཟེར།

        སྡོང་མྱུག་ས་རུ་འཛུགས་རྒྱུ་སླ་མོད། སྡོང་འཛུགས་ནགས་གསོའི་སྐྱེས་ཚད་དང་ཉར་ཚགས་ཐུབ་ཚད་འགན་ལེན་ཇི་ལྟར་བྱེད་པ་དང་། སྲུང་སྐྱོང་ཐུབ་པ། སྐྱེས་ཐུབ་པ་བཅས་འགན་ལེན་བྱེད་ཆེད། མཛོད་དགེ་རྫོང་གིས་ཐོག་མཐའ་བར་གསུམ་དུ“འཕྲལ་བསྐྲུན་འཕྲལ་བདག”དང“བཅུ་ཆ་གསུམ་གྱིས་འཛུགས་པ་དང་བཅུ་ཆ་བདུན་གྱིས་དོ་དམ་བྱེད་པའི”རྩ་དོན་མཐའ་འཁྱོངས་སྒོས་ཁྱོན་ཡོངས་ནས་སྲུང་སྐྱོང་དང་དོ་དམ་བྱས་ཏེ། རྒུད་གསབ་ལས་སྤྲོད་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གང་ལེགས་སྤྱོད་རྒྱུ་སོགས་ཀྱི་བྱ་ཐབས་སྤྱད་དེ། དུས་མཇུག་གི་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ནས། མང་ཚོགས་ལ་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་ཡོད་དུ་བཅུག་པར་མ་ཟད། ཁོ་ཚོའི་འཚོ་བའི་ཁྱིམ་གཞིས་ཀྱང་སྲུང་སྐྱོང་ཡག་པོ་གནང་།

        མཛོད་དགེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བློ་བཟང་རྒྱ་མཚོས་བཤད་རྒྱུར། གོམ་སྟབས་རྗེས་མར་ང་ཚོས་རྨ་ཆུའི་དར་ཆ་མཐོར་བསྒྲེང་ཞིང་སྟོད་རྒྱུད་ཀྱི་འགན་འཁྲི་ཆེ་རུ་བཏང་སྟེ། རྨ་ཆུའི་བདེ་འཇགས་སྲུང་སྐྱོང་གིས་མཛོད་དགེ་རྫོང་གི་རྩྭ་ཐང་དེ་བས་སྔོ་ལྗང་ཅན་དང་ཆུ་བོ་དེ་བས་གཙང་བ། མཛེས་ལྗོངས་དེ་བས་མཛེས་པ། མི་དམངས་དེ་བས་ཕྱུག་པ་བཅས་ལ་འབད་རྒྱུ་ཡིན་ཟེར།

        ཡལ་འདབ་རེ་རེ་སྔོ་ཐིག་ཡིན་ལ། སྡོང་རྐང་རེ་རེ་ནགས་ཚལ་ཡིན། ཚང་མས་ཐེངས་འདིའི་བྱེད་སྒོར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ལ། མཉམ་དུ་ལག་ཟུང་ལ་བརྟེན་ཏེ་ས་གཞིར་ལྗང་མདོག་བསྐྲུན་ན། དེ་ནི་དཔྱིད་ཀྱི་རེ་བ་ཡིན་ལ་སྦྱོར་བ་དངོས་ཀྱིས་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱས་པ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

        མཛོད་དགེ་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་ཚེ་རིང་བཀྲ་ཤིས་ཀྱིས་བཤད་རྒྱུར། སྡོང་འཛུགས་ནགས་སྐྲུན་བྱ་རྒྱུ་ནི་ད་ལྟའི་འབད་འོས་པའི་ལས་ཡིན་ལ་ཕན་འབྲས་བསྐལ་བརྒྱར་ཐོན་པའི་དམངས་འཚོའི་འདུ་འགོད་ཅིག་ཡིན་པས། ང་ཚོས་ལོ་ནས་ལོ་དང་མི་རབས་ནས་མི་རབས་བར་འབད་ན། སྐྱེ་ཁམས་ཁོར་ཡུག་དེ་བས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་ཡོད་ཟེར།

        མིས་སྐྱེ་ཁམས་ལ་གནོད་པ་མ་བྱས་ན། སྐྱེ་ཁམས་ཀྱིས་མིའི་རེ་བ་ཆུད་མི་ཟ། གོམ་སྟབས་རྗེས་མར་མཛོད་དགེ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནི། རྩ་བའི་གཞི་འཛིན་ས་དང་སྦྱོར་བའི་མཛུབ་སྟོན་དུ་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྟོག་ཞིབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་ཡུལ་བབ་ལྟར་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། དོན་དངོས་ལ་གཞི་ཚུགས་ནས་ཐུན་མོང་ནས་སྲུང་སྐྱོང་ཆེན་པོ་དམ་འཛིན་ཡག་པོ་བྱེད་པ། བཅོས་སྐྱོང་ཆེན་པོ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྔོ་ལྗང་ནི་མཛོད་དགེའི་ཐུན་མིན་གྱི་གཞི་རྩར་འགྱུར་བར་འབད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1