སྨར་ཁམས་ནས་ནང་བསྟན་སྐུ་བརྙན་གྱི་བྲག་བརྐོས་རི་མོ་3གསར་དུ་རྙེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-14


        གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་བྲག་ཕུག་དགོན་སྡེ(རྡོ་བརྐོས)ལ་ཆེད་དོན་བརྟག་དཔྱད་བྱེད་རིང་། གནའ་རྫས་རྟོག་ཞིབ་པས་བོད་ལྗོངས་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་ནས་བོད་ཀྱི་ནང་བསྟན་སྐུ་བརྙན་གྱི་དཔེ་མཚོན་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་བྲག་བརྐོས་རི་མོ3གསར་རྙེད་བྱུང་ཡོད།

ལས་དོན་མི་སྣས་བྲག་བརྐོས་སྐུ་བརྙན་ལ་བརྟག་དཔྱད་ཐོ་འགོད་བྱེད་བཞིན་པ།


        ཤེས་རྟོགས་བྱུང་བར་གཞིགས་ན།  2021ལོར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་།  སྨར་ཁམས་རྫོང་རིག་གནས་ཅུས།  དེ་བཞིན་ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་བཅས་ལས་གྲུབ་པའི་བརྟག་དཔྱད་ཚོགས་ཆུང་གིས་སྨར་ཁམས་རྫོང་འཇང་མི་རིགས་ཞང་ལྕང་ལུང་གྲོང་ཚོ་དང་སྤང་མདའ་ཞང་ལྷ་མདུན་གྲོང་ཚོའི་ས་ཁོངས་ནས་བྲག་བརྐོས་རི་མོ་ཁག་གསུམ་དང་ཁྱོན་བྲག་བརྐོས་སྐུ་བརྙན11གསར་རྙེད་བྱུང་བའི་ནང་བོད་བརྒྱུད་ནང་བསྟན་གྱི་སྐུ་བརྙན10ནི་བོད་ཀྱི་ནང་བསྟན་སྐུ་བརྙན་གྱི་དཔེ་མཚོན་རང་བཞིན་གྱི་ཁྱད་ཆོས་ལྡན་པ་རེད།

བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་རིག་དངོས་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣ་འཕྲིན་ལས་ཚེ་རིང་གིས།  སྨར་ཁམས་རྫོང་རིག་གནས་ཅུས་ཀྱི་ལས་དོན་མི་སྣས་མཁོ་འདོན་བྱས་པའི་ཁུངས་སྣེ་གཞིར་བཟུང་།  གནའ་རྫས་རྟོག་ཞིབ་མི་སྣས་བྲག་བརྐོས་སྐུ་བརྙན་དེ་དག་དང་བོད་ལྗོངས་ཤར་རྒྱུད་ཀྱི་བོད་ཀྱི་བྲག་བརྐོས་སྐུ་བརྙན་བར་ཐུན་མོང་གི་ཆ་ངེས་ཅན་ལྡན་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་མངོན་ཡོད། དེ་དག་གི་ཁྲོད་ཞྭ་ཙོག་དང་སྒོར་དབྱིབས་ཨ་ལོང་ཆེན་པོ་སོགས་དང་འདྲ་བའི་སྒྱུ་རྩལ་གྱི་མཚོན་ཚུལ་གསར་པ་ཡོད་ལ། ད་དུང་སྟོན་པ་ཤཱཀྱ་ཐུབ་པ་དང་འཇམ་དཔལ་དབྱངས་སོགས་མཐོང་དཀོན་པའི་བརྗོད་གཞི་ཡང་ཡོད།

ལྷ་མདུན་གྲོང་ཚོའི་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན།


        འཕྲིན་ལས་ཚེ་རིང་གིས“རྩ་ཆེའི་བྲག་བརྐོས་རི་མོ་དེ་དག་ལས་བོད་ཀྱི་ནང་བསྟན་སྐུ་བརྙན་གྱི་བར་མཐོངས་ཁྱབ་ཚུལ་དང་། སྒྱུ་རྩལ་རྒྱུན་འཛིན། བསམ་བློ་བརྒྱུད་བསྒྲགས་སོགས་ལ་སྔར་བས་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། དེའི་ཁྲོད་ང་ཚོས་ཐེག་ཆེན་ཆོས་རྗེ་དང་ཧྭ་ཡན་གྱི་བསམ་བློའི་ཤུགས་རྐྱེན་འོག་ཐོན་པའི་འཇམ་དཔལ་དབྱངས་དང་ཐེག་པ་སྐལ་བཟང་གཉིས་ཀྱི་སྐུ་བརྙན་གསར་རྙེད་བྱུང་བ་དེས་ཐང་རྒྱལ་རབས་ཀྱི་རྒྱ་བོད་རིག་གནས་སྤེལ་རེས་དང་ཐང་བོད་གནའ་ལམ་ཞིབ་འཇུག་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་རིག་གཞུང་གི་རིན་ཐང་གལ་ཆེན་ལྡན”ཞེས་བཤད།

        བོད་ལྗོངས་ཀྱི་བྲག་ཕུག་དགོན་སྡེ་དང་བྲག་བརྐོས་སྐུ་བརྙན་ལ2020ལོའི་ཟླ12པ་ནས་བཟུང་ཆེད་དོན་བརྟག་དཔྱད་བྱེད་འགོ་ཚུགས་ཤིང་། གཞི་གྲངས་ལས་མངོན་པར། མིག་སྔའི་བར་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་བྲག་ཕུག་དགོན་སྡེ་དང་བྲག་བརྐོས་སྐུ་བརྙན་ཁག227ལ་བརྟག་དཔྱད་བྱས་པའི་ནང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ7དང་། བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ23གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ48སྤྱིར་བཏང་རིག་དངོས་ས་ཚིགས199བཅས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1