སྐུ་ཚེ་ཧྲིལ་བོར་བོད་སྨན་གྱི་འཕྲིན་ལས་རྣམ་པར་བསྐྱངས།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-17



སྐུ་ཚེ་ཧྲིལ་བོར་བོད་སྨན་གྱི་འཕྲིན་ལས་རྣམ་པར་བསྐྱངས་ཏེ་འགྲོ་བའི་བདེ་ཐང་ལེགས་པར་བསྲུངས།

        བསྟན་ཁོའམ་མཚན་དངོས་ལ་བསྟན་འཛིན་དོན་གྲུབ་ཅེས་གསོལ། ཡིན་ནའང་མང་ཚོགས་ཀུན་གྱིས་ཁོང་གི་མཚན་ལ་ཨ་ཁུ་བསྟན་ཁོ་ཞེས་འབོད། སློབ་དཔོན་བསྟན་ཁོས་བགྲང་བྱ་70ལྷག་ལ་གང་ཉིད་ཀྱི་ཡོད་ཚད་བོད་སྨན་གྱི་བྱ་གཞག་ལ་ཕུལ་ཏེ། ནད་ཐོག་ལག་ལེན་དང་སློབ་མ་གསོ་སྐྱོང་། ཚན་རིག་ཞིབ་འཇུག་སོགས་ཀྱི་གྲུབ་འབྲས་ཁྱད་དུ་འཕགས་པ་ཞིག་ཤུལ་ནོར་དུ་བཞག ད་དུང་བོད་སྨན་འཕེལ་རྒྱས་ཆེད་དུ་ཐབས་འདོན་ཇུས་འབུལ་ལེགས་པོས་བོད་སྨན་བྱ་གཞག་རྒྱུད་འཛིན་དང་དར་སྤེལ་གནང་བར་མཛད་རྗེས་གལ་ཆེན་བཞག

        སློབ་དཔོན་བསྟན་ཁོ་ཚང་ནི་སི་ཁྲོན་ས་ཁུལ་གྱི་བོད་སྨན་གྱི་རྨང་གཞི་འདིང་མཁན་ཡིན་པའི་ཆ་ནས། བོད་སྨན་ནི་མཛོད་དགེ་ས་ཁུལ་གཙོར་བཟུང་བའི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་སོགས་ས་ཕྱོགས་ཀུན་ཏུ་དར་སྤེལ་བཏང་བས། གྲུབ་འབྲས་ཁྱད་དུ་འཕགས་པར་སྨིན། སྔ་གཞུག་ཏུ་གོང་གསལ་གྱི་ས་ཁུལ་ལ་བོད་སྨན་ལས་ཀ་བ་1000ལྷག་གསོ་སྐྱོང་གནང་། ཁོང་གི་སྐུ་ཚེ་ཧྲིལ་བོར་བོད་སྨན་རྒྱུད་འཛིན་དང་དར་སྤེལ་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་ཤིང་། ཐ་ན་དགོང་ལོ་བརྒྱད་ཅུར་ཕེབས་ཀྱང་བོད་སྨན་རྒྱུད་འཛིན་གྱི་རྗེས་རབས་པ་རྣམས་ལ་ཁ་ཏ་སློབ་གསོ་ཡང་ཡང་སྒོས། ཚང་མས་སྨན་བཅོས་བྱེད་པ་དང་མཉམ་དུ་སློབ་སྦྱོང་མཚམས་ཆད་མི་རུང་ལ། སློབ་སྦྱོང་གི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ད་གཟོད་སྨན་པ་བཟང་བོར་འགྱུར་ཐུབ་ལ། སྔར་ལས་རྒྱ་ཆེའི་ནད་པར་ཞབས་འདེགས་གང་ལེགས་ཞུ་ཐུབ་ཅེས་བསྒོས།

        མཛོད་དགེ་རྫོང་བོད་སྨན་ཁང་གི་འགྲེམ་སྟོན་ཁང་གི་རྒྱལ་ཁབ་རིམ་པའི་བོད་སྨན་ཆེད་མཁས་པ་བསྟན་ཁོའི་འགྲེམ་སྟོན་ཁང་དུ། སློབ་དཔོན་བསྟན་ཁོའི་སྐུ་ཚེ་གཅིག་གི་མཛད་རྗེས་རྣམ་པར་བཤམས་ཡོད། སློབ་དཔོན་བསྟན་ཁོ་ཚང་ནི་རྒྱལ་ཁབ་ཀྱི་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་བྱེད་མཁན་ཐོག་མའི་གྲས་ཡིན། 1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མཚན་སྙན་བསྩལ། དེ་སྔོན་སྔ་གཞུག་ཏུ་སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་དམངས་འཐུས་འཐུས་མི་དང་། སྐབས་དགུ་པ་དང་བཅུ་པའི་ཞིང་ཆེན་དམངས་འཐུས་འཐུས་མིར་བདམས། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་སྨན་པ་གྲགས་ཅན་བཅུ་སྐབས་དང་བོར་བདམས། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་བོད་སྨན་སློབ་གླིང་། ཀན་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གླིང་བཅས་ཀྱི་མཚན་འཛིན་དགེ་རྒན་ཆེན་མོའི་འགན་བཞེས་ཤིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་ཁང་། ཀན་སུའུ་ཞིང་ཆེན་བོད་སྨན་ཞིབ་འཇུག་ཁང་བཅས་ཀྱི་མཚན་འཛིན་ཡོན་གྲང་གི་འགན་བཞེས།

        སློབ་དཔོན་བསྟན་ཁོས་གཉིད་ཆག་ཟས་བརྗེད་ཀྱིས་བོད་སྨན་གྱི་གཞུང་ལུགས་སྐོར་ལ་ཞིབ་འཇུག་གཏིང་ཟབ་དང་ནད་ཐོག་ལག་ལེན་སྐོར་ལ་འཚོལ་ཞིབ་གང་ལེགས་གནང་སྟེ། ནུས་ཤུགས་ཡོད་རྒུས་བོད་སྨན་འཇོན་མི་གསོ་སྐྱོང་གིས་གཞི་རིམ་ལ་ཁ་ཕྱོགས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ཏེ། རང་རེའི་རྒྱལ་ཁབ་ཀྱི་བོད་སྨན་བྱ་གཞག་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་ཆེན་པོ་བཞག ཁོང་ཚང་གིས་གནའ་དེང་གི་བོད་ཀྱི་གསོ་བ་རིག་པའི་གསུང་རྩོམ་འབོར་ཆེན་སྒྲིག་སྒྱུར་དང་ལེགས་སྒྲིག་མཛད་པ་སྟེ།《གསོ་རིག་གསར་སློབ་རྣམས་ལ་ཉེར་མཁོའི་སློབ་དེབ་ཕྱོགས་བསྒྲིགས་བློ་ཆུང་བྱིས་པའི་འབབ་སྟེགས》《ཉེར་མཁོའི་སྨན་སྦྱོར་ཕྱོགས་བསྒྲིགས་ཀུན་ཕན་བདུད་རྩིའི་གཏེར་མཛོད》《སྐྱེ་ལུགས་རིག་པའི་ཁྲིད་ཡིག》《མོ་ནད་རིག་པའི་ཁྲིད་ཡིག》《ཁོག་ནད་རིག་པའི་ཁྲིད་ཡིག》《བྱིས་ནད་རིག་པའི་ཁྲིད་ཡིག》《མེ་ཁབ་རིག་པའི་ཁྲིད་ཡིག》《འདུལ་སྦྱོང་རིག་པའི་ཁྲིད་ཡིག》《དཔལ་ལྡན་རྒྱུད་ཞིབ་དཔེ་བསྡུར་མ》《སྨན་སྦྱོར་གསལ་བའི་མེ་ལོང》བཅས་གསུང་རྩོམ་པོད་10ལྷག་བཞུགས། དེ་ལས《ཉེར་མཁོའི་སྨན་སྦྱོར་ཕྱོགས་བསྒྲིགས་ཀུན་ཕན་བདུད་རྩིའི་གཏེར་མཛོད》ནི1993ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བ་དང་། གསུང་རྩོམ་འདིར་བོད་སྨན་སྦྱོར་ཐབས་1385འཚོལ་སྡུད་མཛད་པས། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་ཡོན་ཏན་པའི་གདེང་འཇོག་ཆེན་པོར་ཐོབ།《དཔལ་ལྡན་རྒྱུད་ཞིབ་དཔེ་བསྡུར་མ》ལ་པོད་4ཡོད་ཅིང་2010ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བས། བོད་ཀྱི་གསོ་བ་རིག་པའི་ཁ་སྐོང་དང་སྨན་མཛོད་ཀྱི་ནོར་བུ་རྩ་ཆེན་དུ་གྱུར།

        སློབ་དཔོན་བསྟན་ཁོས་བོད་སྨན་གྱི་ནོར་མཛོད་རྒྱུད་འཛིན་དང་སྔོག་འདོན་གནང་སྟེ། བོད་སྨན་བྱ་གཞག་གི་རྒྱུད་འཛིན་པ་དང་ལག་རྩལ་བ་དཀོན་པའི་གནད་དོན་ཐག་གཅོད་གནང་ཆེད། རྔ་བའི་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འབྲིང་རིམ་ཆེད་སྦྱོང་འཛིན་གྲྭ་གསར་འཛུགས་མཛད་དེ། མ་བསྐུལ་དང་ལེན་གྱིས་སློབ་ཁྲིད་ཀྱི་ཕྱག་ལས་ཁུར་དུ་བླངས་པར་མ་ཟད། བོད་སྨན་གྱི་སློབ་དེབ་13རྩོམ་སྒྲིག་གནང་བ།《སྨན་སྦྱོར་རིག་པ》དང《ཀྲུང་གོའི་གསོ་རིགས་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ》《རྒྱལ་ཡོངས་བོད་ལུགས་གསོ་རིག་འབྲིང་རིམ་སློབ་གྲྭའི་ཆེད་ལས་སློབ་དེབ》《རྒྱལ་ཡོངས་བོད་ལུགས་གསོ་རིག་དངོས་ཚན་སློབ་གྲྭའི་ཆེད་ལས་སློབ་དེབ》སོགས་ཀྱི་རྩོམ་སྒྲིག་དང་ལེགས་སྒྲིག་གི་ཕྱག་ལས་རྒྱ་ཆེར་བསྐྱངས། བགྲང་བྱ་བཅུ་ཕྲག་གི་སློབ་ཁྲིད་ཁྲོད་སློབ་དཔོན་གྱིས་སྔ་གཞུག་ཏུ་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ལ་རྒྱལ་ཁབ་ཀྱི་སྒྲིག་ཁོངས་སུ་དངོས་སུ་བཙུད་མེད་པའི་སྨན་པ་བརྒྱ་ལ་ཉེ་བ་གསོ་སྐྱོང་གནང་བ་དང་། རྔ་བ་ཁུལ་ལ་བོད་སྨན་འབྲིང་རིམ་ཆེད་ལས་འཇོན་མི་400ལྷག་གསོ་སྐྱོང་གནང་བ། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་ལ་བོད་སྨན་ལས་ཀ་བ་སྟོང་3ལྷག་གསོ་སྐྱོང་གནང་བ། བོད་སྨན་གྱི་གསོ་སྦྱོང་ཐེངས་50ལྷག་བསྡུས་པ། རྒྱལ་ཁབ་རིམ་པའི་བོད་སྨན་ཆེད་མཁས་རྒྱུད་འཛིན་པ་གྲགས་ཅན་6དང་། ཞིང་ཆེན་རིམ་པའི་བོད་སྨན་ཆེད་མཁས་རྒྱུད་འཛིན་པ་གྲགས་ཅན་5གསོ་སྐྱོང་གནང་།

        སློབ་དཔོན་བསྟན་ཁོས་སྐུ་ཚེ་ཧྲིལ་བོར་གཞན་དོན་ཁུར་དུ་བླངས་ཏེ། བོད་སྨན་གྱི་གཞུང་ལུགས་ཞིབ་འཇུག་དང་ནད་ཐོག་ལག་ལེན་འཚོལ་ཞིབ་སོགས་ཀྱི་ཕྱག་ལས་བསྐྱངས་ནས། ནུས་ཤུགས་ཡོད་རྒུས་བོད་སྨན་གྱི་རྒྱུད་འཛིན་པ་དང་འཇོན་མི་གསོ་སྐྱོང་གནང་སྟེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ཏེ། རང་རེའི་རྒྱལ་ཁབ་ཀྱི་བོད་སྨན་བྱ་གཞག་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་ཆེན་པོ་བཞག་པར་རྗེས་སུ་ཡི་རངས་དང་བཅས་ཏེ། སློབ་དཔོན་ཁོང་ཚང་དགོངས་པ་ཆོས་དབྱིངས་སུ་ཐིམ་རུང་ཁོང་གི་དགོངས་སྟོབས་སྐལ་བརྒྱར་གནས་ངེས། ཁོང་གིས་ང་ཚོ་རྗེས་རབས་པར་བསམ་བློའི་རྒྱུ་ནོར་རྩ་ཆེན་གང་མང་ཤུལ་ནོར་དུ་བཞག་པས། ང་ཚོ་རྗེས་རབས་པ་རྣམས་ཀྱིས་སྐྱེས་བུ་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་པའི་དཔེ་ལྟར། སྦྱངས་བརྩོན་དང་མཐར་ཕྱིན། རྒྱུད་འཛིན་དང་དར་སྤེལ་བཅས་ལ་འབད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1