རྔ་བ་རྫོང་གིས་སྔོ་ལྗང་གི་ཁྱིམ་གཞིས་མཉམ་དུ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-18



        དཔྱིད་ཀྱི་དཔལ་མོའི་སྒེག་ཉམས་ངོམས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར། ཉེ་ཆར། རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བ་ནས་2023ལོའི་རྨ་ཆུ་འགྲམ་དུ་རྩྭ་རྩི་ཤིང་བཏབ་སྟེ། དྭངས་གཙང་གི་ཆུ་བོ་ཤར་དུ་བཞུར་ཞེས་པའི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་སྤུས་ལེགས་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཚོན་མདངས་བཀྲ་བར་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་། ཁུལ་ཨུའི་ཧྲུའུ་གཞོན་པའམ་ཁུལ་དཔོན་ལོ་ཀྲེན་ཧྭ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ་སོགས་ཁུལ་གྱི་འགོ་ཁྲིད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཧྥེང་ཀྲེང་ཡུང་སོགས་རྫོང་གི་འགོ་ཁྲིད་སྡོང་འཛུགས་བྱེད་སྒོ་ལ་ཞུགས་ཡོད།

        སྡོང་འཛུགས་ཀྱི་ཡུལ་དངོས་སུ། ལས་བྱེད་དང་མང་ཚོགས་500ལྷག་གིས་ལག་ཏུ་ལྕགས་ཁེམ་བཟུང་ནས་དཔུང་བ་མཉམ་གཤིབ་ཀྱིས་ས་དོང་བརྐོ་བ་དང་གསུབ་པ། མྱུ་གུ་འདེབས་པ། ཆུ་བླུགས་ཏེ། གསོམ་སྡོང་དང་རྒྱ་ལྕང་། མཐོ་སྒང་ལྕང་མ་སོགས་ཀྱི་སྡོང་མྱུག་བཏབ། གསར་དུ་བཏབ་པའི་སྡོང་ཕྲུག་རེ་རེ་རྨ་ཆུའི་འགྲམ་རྒྱུད་དུ་གསོན་ཤུགས་འབར་ཞིང་ཡིད་འོང་གི་མཛེས་ལྗོངས་ཤིག་གྲུབ་པར་བྱས།

        རྔ་བ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཅང་ཤིན་ཧི་ཡིས་བཤད་རྒྱུར། 2023ལོར་རང་རྫོང་གིས་མུ་མཐུད་དུ་རྨ་ཆུའི་ཆུ་ལག་གི་སྐྱེ་ཁམས་འགོག་སྲུང་རྒྱུད་འཛུགས་སྐྱོང་སྐུལ་སྤེལ་བྱས་ཡོད། དེ་རིང་ཁུལ་དང་རྫོང་གི་འགོ་ཁྲིད། ལས་བཟོ་བ་དང་གྲྭ་བ། མང་ཚོགས། སློབ་མའི་འཐུས་ཚབ་བསྡོམས་པའི་576གིས་རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བ་ནས་2023ལོའི་རྨ་ཆུའི་རྔ་བ་རྫོང་བཞུར་རྒྱུད་དུ་སྡོང་འཛུགས་ནགས་སྐྲུན་བྱས་ཏེ་དྭངས་གཙང་ཆུ་བོ་ཤར་དུ་བཞུར་བར་བྱེད་ཅེས་པའི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ། མོན་56ལ་གསོམ་སྡོང་དང་རྒྱ་ལྕང་། མཐོ་སྒང་ལྕང་མ་6800ལྷག་བཏབ་པ་དང་རྩྭ་མྱུག་སྤྱི་རྒྱ་330ལྷག་དང་ལུད་རྫས་སྤྱི་རྒྱ་7750བླུགས་ཡོད། ཆོས་རྗེ་མ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་སློབ་མ་ཏྰ་རེ་སྐྱིད་ཀྱིས་བཤད་རྒྱུར། ཚང་མ་བདེ་མོ། ངའི་མིང་ལ་ཏྰ་རེ་སྐྱིད་ཟེར། དེ་རིང་ང་ཚོ་རྨ་ཆུའི་འགྲམ་དུ་སྡོང་འཛུགས་བྱེད་དུ་ཡོང་ཡོད། ང་ཚོ་སྡོང་ཕྲུག་དང་ལྷན་དུ་འཚར་ལོངས་བྱུང་སྟེ། ང་ཚོའི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པར་གཏོང་རྒྱུ་ཡིན་ཟེར།

        རྔ་བ་རྫོང་ནི་རྨ་ཆུ་སི་ཁྲོན་དུ་བཞུར་བའི་ས་ཚིགས་དང་བོ་དེ་ཡིན། མངའ་ཁོངས་ཀྱི་རྨ་ཆུའི་ཆུ་ལག་ཆོས་རྗེ་མ་ཡུལ་ཚོའི་ཆོས་རྗེ་མ་སྡེ་བ་ནས་མགོ་བརྩམས་ཤིང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བ་ནས་མཇུག་བསྒྲིལ་ཡོད། རིང་ཐུང་ལ་སྤྱི་ལེ་25.27ཡོད། ཉེ་བའི་ལོ་འགའི་རིང་། རྔ་བ་རྫོང་གིས་ཕྱོགས་ཡོངས་སུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ལེགས་བཅོས་ཀྱི་བཀོད་སྒྲིག་བླང་བྱ་ལག་ལེན་བསྟར་ཞིང་། རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ། བྱེ་མ། འཁྱགས་རོམ་གཞི་གཅིག་གིས་སྲུང་སྐྱོང་དང་ལེགས་བཅོས་གང་ལེགས་བྱས། སྤུས་ཚད་མཐོ་བའི་ནགས་ཚལ་དང་རྩྭ་ཐང་གི་རྣམ་གྲངས་འཛུགས་སྐྲུན་སྐུལ་སྤེལ་བྱས་ཏེ། བཞུར་རྒྱུད་ཀྱི་སྐྱེ་ཁམས་བྱེད་ནུས་དང་ཆུ་ཁུངས་གསོག་འཛིན་ནུས་པ་རྒྱུན་མཐུད་མཐོར་འདེགས་བཏང་ཡོད།

        རྔ་བ་རྫོང་གི་སྲིད་གྲོས་ཨུ་ཡོན་བསོད་ནམས་རྒྱ་མཚོས་བཤད་རྒྱུར། ང་རྨ་ཆུའི་འགྲམ་དུ་འཚར་ལོངས་བྱུང་བ་ཡིན་པས། ངས་ས་གཞི་ལ་བརྩེ་བ་ཆེན་པོ་ཡོད། ཏང་དང་མི་དམངས་ཀྱིས་དུས་ཡུན་རིང་པོར་ང་ཚོའི་ཕ་ཡུལ་ནས་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། མ་ཡུམ་ཆུ་བོར་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱས་པས་ང་ཚོ་ལ་སེམས་འགུལ་ཐེབས་ཡོད་ཟེར།

        དཔྱིད་ཀྱི་ཉི་ཟེར་འོག རྨ་ཆུའི་འགྲམ་དུ་རྐང་ཐང་ལ་སོང་བ་ན། འདི་ནས་ལྷོད་ཀྱིས་བཞུར་བའི་རྨ་ཆུའི་ངོ་མཚར་གཞན་ཞིག་མཐོང་ཐུབ་པ་དང་། རྒྱུད་མཐུད་ལེགས་བཅོས་བྱས་པའི་སྐྱེ་ཁམས་ཁོར་ཡུག་ནི་ཀུན་ལ་ཕན་པའི་དམངས་འཚོའི་ལོངས་སྤྱོད་དེ་ཡིན་པ་རྟོགས་ཐུབ།

ཆོས་མ་རྗེ་མ་ཡུལ་ཚོའི་མང་ཚོགས་དཔལ་འཕྲིན་གྱིས་བཤད་རྒྱུར། ང་ནི་ཆོས་རྗེ་མ་སྡེ་བའི་ཡིན། ང་ཚོ་རྨ་ཆུའི་འགྲམ་དུ་གཞི་ཆགས་ནས་ཡོད། རྨ་ཆུར་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱས་པ་ཡིན་ཟེར།

        ཉེ་བའི་ལོ་འགའི་རིང་། རྔ་བ་རྫོང་གིས་སྐྱེ་ཁམས་གཙིགས་འཛིན་དང་ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་སུ་བཟུང་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཤིང་། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་ཕྱོགས་བསྡུས་ལེགས་བཅོས་ཕྱོགས་ལ་ཐབས་དང་བཀོད་པ་ལག་ལེན་བྱས། རྫོང་ཁོངས་ཀྱི་བརླན་ས་ཉམས་རྒུད་དང་རྩྭ་ཐང་བྱེ་འགྱུར། རྩྭ་སའི་ཐོན་སྐྱེད་ནུས་པ་མར་ཆག་པ་དང་ས་ཞིང་བྱེ་འགྱུར། ནགས་ཚལ་ཀྱི་སྤུས་ཀ་ཞན་པ་སོགས་ཀྱི་སྐྱེ་ཁམས་གནད་དོན་ཐག་གཅོད་བྱས། ཐེངས་འདིའི་འོས་འགན་སྡོང་འཛུགས་བྱེད་སྒོ་ནི་རྔ་བ་རྫོང་གིས་སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ལག་བསྟར་བྱེད་པའི་སྤྱོད་ལམ་ཞིག་ཡིན། ནུས་པ་ལྡན་པའི་དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་འདུ་ཤེས་དྲག་ཏུ་བཏང་བ་དང་། དམངས་ཡོངས་ལྗང་མདོག་གི་ཁྱིམ་གཞིས་འཛུགས་སྐྲུན་ཁྲོད་ཞུགས་པར་རོགས་རམ་བྱས་ཡོད། མ་འོངས་པར་རྔ་བ་རྫོང་གིས་རྩྭ་ར་འཐེན་པ་དང་བདག་སྐྱོང་གི་བྱེད་ཐབས་སྤྱོད་པ། དོ་དམ་སྲུང་སྐྱོང་གི་འགན་འཁྲི་སོགས་ལག་བསྟར་བྱས་ཏེ། དོ་དམ་སྐུལ་འདེད་ལ་ཤུགས་སྣོན་དང་ནུས་པ་ཡོད་རྒུས་ནགས་སྐྲུན་གྱི་ཕན་འབྲས་འབྱུང་བར་ཁག་ཐེག་བྱ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1