ཨ་ཆེན་གངས་རྒྱབ་ཏུ་གཙོད་ཕྲུག་6བསྐྱབས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-19


        ཉིན་ཤས་གོང་གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རི་སྐོར་རུ་མིས་གཙོད་ཕྲུག་6ལ་རོགས་སྐྱོབ་བྱས་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། གཙོད་ཕྲུག་6པོ་དེ་དག་ཨ་ཆེན་གངས་རྒྱབ་དབུས་རྒྱུད་གྲོལ་གནས་མཚེའུ་ནས་བསྐྱབས་ཡོད། གྲོལ་གནས་མཚེའུ་ལ་གཙོད་ཕྲུག་བཙའ་གནས་ཞེས་བརྗོད་ཀྱི་ཡོད་ཅིང་། ལོ་རེའི་ཟླ་5པ་ནས་7པའི་བར་གཙོད་རྣམས་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་དང་ཤིན་ཅང་ཨར་ཅིན་ཧྲན་རི་བོ། བོད་ལྗོངས་བྱང་ཐང་སོགས་ནས་གནས་དེར་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད།

        ན་ནིང་གི་སྤྱི་ཟླ་7པའི་གཙོད་ཕྲུག་བཙའ་བའི་དུས་ཚིགས་སུ། ས་གནས་དེ་གའི་རི་སྐོར་རུ་མིས་གཙོད་ཁྱུ་དང་ཁ་ཐོར་བའི་གཙོད་ཕྲུག་6ལ་རོགས་སྐྱོབ་བྱས་ཡོད།  རི་སྐོར་རུ་མིས་ལྟ་རྟོག་ཞིབ་ཚགས་བྱས་པའི་འོག གཙོད་ཕྲུག་6པོ་དག་བདག་ཏུ་མ་བཟུང་བའི་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་འཚར་ལོངས་བྱུང་ཞིང་། སྤྱི་ཚེས་15ཉིན་གསར་འགོད་པས་གཙོད་ཕྲུག་6པོ་རྩྭ་ཐང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་རྩྭ་ཟ་བཞིན་ཡོད་པ་མཐོང་།

        སླད་ཕྱིན་གཙོད་ཕྲུག་དག་རང་བྱུང་ཁམས་སུ་ཕྱིར་སློག་བྱ་རྒྱུར་དམིགས་ཏེ། མིག་སྔར་གཙོད་ཕྲུག་6པོར་མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱེད་མཚམས་བཞག་ཅིང་། ཉིན་རེའི་སྔ་དྲོ་དང་ཉིན་དགུང་། དགོང་མོ་བཅས་སུ་རི་སྐོར་རུ་མིས་རྒྱང་ཤེལ་སྤྱད་དེ་ཁོ་ཚོའི་འཚོ་གནས་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་དང་། གཙོད་ཕྲུག་དང་མིའི་རིགས་དབར་གྱི་འབྲེལ་འདྲིས་རིམ་བཞིན་ཉུང་དུ་གཏོང་བཞིན་ཡོད། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་འཛིན་གཞོན་པ་ལྷུན་གྲུབ་ཚེ་རྒྱལ་གྱིས། གཙོད་ཕྲུག་གི་གཟུགས་པོའི་གནས་ཚུལ་ཕྱིར་གཏོང་བའི་ཆ་རྐྱེན་དང་མཐུན་སྐབས་གཙོད་དག་སླར་ཡང་རང་བྱུང་ཁམས་སུ་ཕྱིར་ལོག་བྱ་རྒྱུ་རེད་ཅེས་བཤད།

        གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པ་དང་། གཙོ་བོ་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་དང་ཤིན་ཅང་ཨར་ཅིན་ཧྲན་རི་བོ། བོད་ལྗོངས་བྱང་ཐང་བཅས་སུ་འཚོ་གནས་བྱེད་ཀྱི་ཡོད། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལོ་མང་རིང་སྲུང་སྐྱོབ་བྱས་པ་བརྒྱུད་ད་ཆ་ཨ་ཆེན་གངས་རྒྱབ་ཏུ་གཙོད་ཀྱི་གྲངས་འབོར་ཁྲི་7ལས་བརྒལ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1